རྨ་ཆུ་རྫོང་དུ་རྒྱ་གཞུང་གི་དམ་དྲག
བོད་ཀྱི་རྩོམ་པ་པོ་འོད་ཟེར་གྱི་དྲ་རྒྱའི་ནང་དུ་འདྲ་པར་ཞིག་བཀོད་པ་དེའི་ཐོག་ནས་གནས་ཚུལ་ཤེས་རྟོགས་བྱེད་ཐུབ་པ་ཞིག་ལ། ཉེ་ཆར་ཟླ་བ་འདིའི་ཟླ་མགོར་བླངས་པའི་འདྲ་པར་ནང་དུ་རྨ་ཆུ་རྫོང་གི་སྐར་ལྔའི་མགྲོན་ཁང་ཞིག་གི་ནང་དུ་དེང་དུས་ཀྱི་གོ་ལག་ཆ་ཚང་ཐོགས་པའི་རྒྱ་དམག་མང་པོ་ཞིག་ཡོད་པ་གསལ་པོ་ཡོད་པ་དང། དེའི་ཐད་འོད་ཟེར་ལགས་ཀྱིས་འགྲེལ་བརྗོད་བྱས་པ་ལྟར་ན། མགྲོན་ཁང་དེའི་ནང་དུ་ཉིན་ལྟར་དམག་མི་བརྒྱ་དང་བདུན་ཅུའི་བར་ཁ་བཀྲམ་ནས་ས་གནས་གང་སར་སྐོར་བསྐྱོད་བྱེད་ཀྱི་ཡོད་པ་དེ་ནི། བོད་མི་ཞི་རྒོལ་བ་ཚོས་གྱེན་ལངས་བྱེད་པའི་དོགས་ཟོན་བྱེད་ཀྱི་ཡོད་ཚུལ་བཀོད་ཡོད་པ་རེད། སྤྱིར་དེང་སྐབས་བོད་ཀྱི་ས་ཆ་གང་སར་དམ་དྲག་བྱེད་ཀྱི་ཡོད་པ་དང། སྔ་ལོའི་ཞི་རྒོལ་བྱེད་མཁན་གྱི་བོད་མི་རྣམས་ལ་དྲང་བདེན་མིན་པའི་ཁྲིམས་བཅད་དང་གཅོད་བཞིན་ཡོད་པ་རེད།།