རང་དབང་འཐབ་རྩོད་པ་སླར་ཡང་བཙོན་འཇུག

དབྱིན་ཇིའི་སྲིད་བློན་མཆོག་གིས། ཁྲིམས་ཐག་དེ་ནི་༢༠༡༠ ལོའི་འབར་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས། མང་གཙོ་ཚོགས་པར་རྒྱལ་ཁ་ཐོབ་པར་འཇིགས་སྣང་གིས་དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པ་ཞིག་རེད་ཅེས་བརྗོད་ཡོད་པ་རེད།
    ལྕམ་ཨང་སན་སུ་ཅི་བཙོན་འཇུག་བཀག་ཉར་བྱས་ཏེ་མི་ལོ་༢༠ འཁོར་ནས་གློད་ལ་ཉེ་བའི་སྐབས། ཨ་རིའི་མི་རིགས་ཡིན་པ་གཅིག་ཟླ་གྲངས་འགའི་སྔོན་དུ་ཆོག་མཆན་མེད་པར་བཀག་ཉར་ཁང་དུ་གསང་འཛུལ་བྱས་ཡོད་པ་རེད། གསང་འཛུལ་དེ་ལ་ཁག་གཡོགས་ནས། ད་ལྟའི་བར་ལྕམ་ཨང་སན་སུ་ཅི་མཆོག་ལ་ཁྲིམས་བཤེར་ལན་མང་བྱས་ཡོད་པ་དང༌། ཁྲིམས་བཤེར་དེ་དག་གི་རིང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་དང་སྐུ་ཚབ་སོགས། མི་སྣ་མང་པོ་འབར་མའི་རྒྱལ་ཁབ་ཏུ་དངོས་སུ་ཕེབས་ནས། འབར་མའི་དམག་གཞུང་ལ་དྲང་བདེན་གྱི་ཁྲིམས་ཐག་གཅོད་དགོས་པའི་རེ་སྐུལ་ལན་མང་བྱས་ཡོད་ཀྱང་གྲུབ་འབྲས་ཐོན་མེད་པ་རེད།
    གསང་འཛུལ་བ་ཨ་རིའི་མི་དེ་ལ་ལོ་༧ གྱི་ཁྲིམས་ཐག་བཅད་ཡོད་པ་དང༌། ལོ་༤ རིང་ངལ་རྩོལ་རུ་ཁག་ཏུ་གཏོང་རྒྱུ་ཡིན་པའི་བཀའ་རྒྱ་བཀྲམ་ཡོད་པ་རེད། ལྕམ་ཨང་སན་སུ་ཅི་མཆོག་ལ་ཐོག་མར་ཁྲིམས་ཁང་ནས་མི་ལོ་༣ གྱི་ཁྲིམས་ཐག་བཅད་ཡོད་རུང༌། སྐར་གྲངས་འགའི་རྗེས་སུ་འབར་མའི་ནང་སྲིད་བློན་ཆེན་ཁྲིམས་ཁང་དུ་སོང་ནས། དམིགས་བསལ་གྱིས་བཀའ་རྒྱ་བཀྲམ་ནས་ལོ་༡ དང་ཟླ་བ་༦ གི་ཁྲིམས་ཐག་བཅད་ཡོད་པ་རེད། གང་ལྟར་འཆར་ལོའི་འབར་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས། ལྕམ་ཨང་སན་སུ་ཅི་དགུང་ལོ་༦༦ ལ་སོན་ཡོད་པ་དང་བཙོན་ཁང་ནས་གློད་གྲོལ་ཐོབ་རྒྱུ་ཡིན་པ་རེད།    
    འབར་མའི་མི་མང་དང་དགེ་འདུན་པ་ཚོས་ཞི་བའི་མར་མེའི་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ་སོགས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་དང༌། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཉམ་འབྲེལ། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་བཅས་ཀྱིས། དྲང་བདེན་གྱི་ཁྲིམས་ཐག་གཅོད་རྒྱུར་འབད་བརྩོན་མང་པོ་བྱས་ཡོད་རུང་གྲུབ་འབྲས་ཐོན་མེད་པ་རེད། འབར་མའི་དམག་གཞུང་གི་རྒྱབ་ལ་ལངས་མཁན་གཙོ་བོ་རྒྱ་ནག་དམར་གཞུང་ཡིན་པས། འབར་མའི་དམག་གཞུང་གི་དབང་འཛིན་པ་ཚོས་རྒྱལ་སྤྱིའི་ཉེན་བརྡ་ལ་སྣང་ཆུང་བྱས་པ་དང༌། ཐ་ན་འབར་མར་རང་བྱུང་ཆག་སྒོས་མི་མང་ས་ཡ་མང་པོ་ལྟོགས་ཤི་ཐེབས་སྐབས་སུའང༌། ནུབ་ཕྱོགས་རྒྱལ་ཁབ་དང་རྒྱལ་ཚོགས་སོགས་ཀྱི་སྐྱོབ་གསོའི་རོགས་རམ་ཡོངས་རྫོགས་བཀག་བསྡོམས་བྱེད་མྱོང་ཡོད་པ་རེད།།