གནད་ལ་ཁེལ་བའི་ངོས་འཛིན།
ཆབ་སྲིད་པ་དང་མཁས་པ་ཚོས་བོད་རྒྱའི་གནད་དོན་ཐག་གཅོད་མི་ཐུབ་པའི་འབྱུང་རྐྱེན་ངོས་འཛིན་དང་འགྲེལ་བཤད་ག་འདྲ་ཞིག་བརྒྱབ་མིན་ལ་མ་ལྟོས་པར། དོན་དངོས་ཐོག་རྒྱ་མི་རིགས་ཀྱི་སེམས་ནང་དུ་མི་རིགས་ཆེན་པོའི་སྤོབས་སེམས་ཁེངས་དྲེགས་ཀྱི་རིང་ལུགས་ཤུགས་ཆེན་པོ་ཡོད་པ་དང༌། བོད་པ་ཐེ་བས་གྲངས་ཉུང་མི་རིགས་རྣམས་ནི་རྨོངས་བརྟུལ་རྗེས་ལུས་ཅན་འབའ་ཞིག་ཡིན་པའི་འདུ་ཤེས་བརྟན་པོ་གནས་ཡོད་པ། དུས་རྒྱུན་དུ་གྲངས་ཉུང་མི་རིགས་རྣམས་ལ་བཤུ་གཞོག་དང་གཉའ་གནོན་ག་འདྲ་ཞིག་བྱེད་བཞིན་ཡོད་ཀྱང༌། རྒྱ་མི་རིགས་ནི་གྲངས་ཉུང་མི་རིགས་རྣམས་ཀྱི་མགོན་སྐྱབས་ཡིན་པའི་ལྟ་ཚུལ་ནོར་བ་དེ་རྒྱ་མི་རིགས་ཕལ་མོ་ཆེའི་སེམས་ནང་དུ་གསལ་པོ་ཡོད། དེའི་ཐོག་ལ་རྒྱ་གཞུང་གི་དུས་ནས་དུས་སུ་མི་རིགས་རིང་ལུགས་ཀྱི་སློབ་གསོ་དང་དྲིལ་བསྒྲགས་ཀྱིས་གསོས་བཏབ་ནས་བསམ་ཚུལ་དེ་ཤུགས་ཆེ་ནས་ཆེ་རུ་གཏོང་བཞིན་ཡོད་པ་དང༌། གནད་དོན་དེའི་འོག་ནས་བོད་ཀྱི་ས་ཁུལ་ཁག་ཏུའང་རྒྱ་རིགས་རྣམས་ཀྱིས་བོད་མི་རིགས་ལ་མཐོང་ཆུང་དང་ཐུབ་ཚོད་འབའ་ཞིག་བྱེད་བཞིན་པས། བོད་མིའི་ངོས་ནས་དུས་ནམ་ཡང་རྒྱ་གཞུང་གི་སྟངས་འཛིན་དང་རྒྱ་མི་རིགས་ཀྱི་མཉམ་དུ་གནས་མི་ཐུབ་པའི་བསམ་ཚུལ་དེ་སླེབས་ནས་ངོ་རྒོལ་སྐད་འབོད་གང་མང་བྱེད་དགོས་པའི་རྒྱུ་མཚན་གཅིག་འདི་ལ་ཐུག་ཡོད་པ་རེད།
རྒྱ་མི་རིགས་ཀྱི་ནང་དུ་མི་རིགས་ཆེན་པོའི་རིང་ལུགས་སམ་རྒྱ་མི་རིགས་ཀྱི་རིང་ལུགས་ལ་བརྟེན་ནས་གྲངས་ཉུང་མི་རིགས་རྣམས་ལ་མཐོང་ཆུང་དང་བརྙས་བཅོས་ཐུབ་ཚོད་བྱེད་བཞིན་པ་འདི་ནོར་འཁྲུལ་ཡིན་པའི་ངོས་འཛིན་ཡོང་དགོས་པ་ནི་གནད་དོན་ཆེན་པོ་ཡིན་ལ། ངོས་འཛིན་དེའི་འོག་ནས་བོད་མི་རིགས་སོགས་གྲངས་ཉུང་མི་རིགས་རྣམས་ལ་རང་སྲིད་རང་སྐྱོང་དང༌། རང་ཐག་རང་གཅོད་སོགས་ཕྱོགས་གང་ཐད་ནས་གདམ་ག་གང་མང་ཞིག་སྤྲད་རྒྱུའི་སྤོབས་པ་དེ་ཡང་སླེབས་ཐུབ། ད་ལྟ་བོད་རྒྱའི་འགལ་ཟླ་དེ་རྒྱ་བོད་མི་རིགས་གཉིས་ཀྱི་འགལ་ཟླ་གཏན་ནས་མིན་ཚུལ་ག་ཚོད་བརྗོད་ཀྱང་ཕན་པ་མེད་ལ། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་བཤད་སྟངས་དེ་བདེན་པ་ཡིན་མིན་ཡང་ཤེས་ཐུབ་པ་ཞིག་རེད། ད་ལྟ་ཚོགས་ཐོག་ཏུ་རྒྱ་མི་རིགས་ཀྱི་རིང་ལུགས་ལ་བཤགས་བསྡོམས་དང༌། བོད་མིའི་རིག་གནས་འཚོ་བ་སྐྱེལ་སྟངས་ལ་བརྩི་བཀུར་བྱེད་དགོས་པའི་ཐག་གཅོད་དེའི་ཤུགས་ལ་གོ་ཐུབ་པ་ནི། ད་བར་རྒྱ་མི་རིགས་ཀྱི་ངོས་ནས་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ཁེངས་དྲེགས་འོག་ནས། གྲངས་ཉུང་མི་རིགས་ཀྱི་བདེན་དོན་དང་རིག་གནས་འཚོ་བ་ལ་བརྩི་བཀུར་མ་བྱས་པར་ངོས་འཛིན་བྱས་པ་ཞིག་ཡིན་ལ། དོན་དམ་དུའང་བོད་རྒྱའི་དབར་མི་མཐུན་པའི་འགལ་ཟླ་ནི་གཅིག་ནས་ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ཡིན་བཞིན་དུ་རྒྱ་ནག་གིས་བཙན་བཟུང་བྱས་པ་ཞིག་དང༌། གཉིས་ནས་གོང་དུ་བརྗོད་པ་བཞིན་མི་རིགས་དང་རིག་གནས་སོགས་ཕྱོགས་གང་ཐད་ནས་འདྲ་མཉམ་མིན་པའི་གནས་སྟངས་ལ་བརྟེན་ནས་བྱུང་ཡོད། ཚོགས་ཆེན་དེའི་ཐོག་ནས་ངོས་འཛིན་བྱས་པ་དེས་རྒྱ་མི་རིགས་ཀྱི་ངོས་ནས་དུས་རྒྱུན་བོད་མི་རིགས་ལ་འཛིན་པའི་རྣམ་འགྱུར་དང་བསམ་བློ་ཁུར་སྟངས་ཀྱི་ཐོག་ལ་ཕྱོགས་བསྡོམས་ལྟ་བུར་ཡང་ངོས་འཛིན་བྱེད་ཆོག། མ་འོངས་པར་འབབ་ས་འདིའི་ཐོག་ཏུ་འབབ་ཐུབ་ནས་རྒྱ་མི་རིགས་ཀྱིས་གྲངས་ཉུང་མི་རིགས་རྣམས་ལ་འཛིན་པའི་ལྟ་ཚུལ་ལ་འགྱུར་བ་སོང་སྟེ། རྒྱ་དམར་གཞུང་གིས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཞིག་འགྲོ་ཐུབ་ན་གཞི་ནས་གྲོས་མོལ་དང་ཞི་མཐུན་གྱི་ལམ་ནས་བོད་དོན་ཐག་གཅོད་བྱེད་པའི་འགགས་རྡོ་དེ་སེལ་ཐུབ་པ་ཞིག་ཏུ་གྱུར་པ་ལས། གཞན་མི་རིགས་ས་གནས་རང་སྐྱོང་སོགས་དགོས་འདུན་ཚད་དམའ་མོ་ཇི་འདྲ་ཞིག་བཏོན་ཡང་རྒྱ་གཞུང་གིས་དོན་དམ་གྱི་ཡ་ལན་ཞིག་སྟེར་མི་སྲིད་པ་མངོན་གསལ་དུ་གྱུར་ཡོད།།