རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེའི་ཁྲི་སྟོན།
ཁང་ཚན། བླ་བྲང་སོགས་ཀྱི་འཐུས་མི། དྷ་སའི་ཉེ་འཁོར་དུ་ཡོད་པའི་དགོན་གནས་ཁག་གི་འཐུས་མི། དད་ལྡན་ཕྱི་གླིང་བ་དང་བོད་མི་སོགས་བརྒྱ་ཕྲག་མང་པོས། ཁྲི་སྟོན་ལ་གསོལ་འདེབས་སྨོན་ལམ་དང་མཇལ་བཅར་ཞུས་སོང༌།
མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ནི། ཁམས་ལི་ཐང་དུ་འཁྲུངས་ཤིང་༡༩༥༩ ལོར་བོད་ནང་དུས་འགྱུར་བྱུང་སྐབས་སྐྱབས་བཅོལ་ལ་ཕེབས་ནས། ྋགོང་ས་མཆོག་གི་བཀའ་དགོངས་བཞིན་སྦག་ས་ཆོས་སྒར་དང༌། གདན་ས་ཆེན་པོ་སེར་ར་ཐེག་ཆེན་གླིང་གི་ཡ་གྱལ་བྱེས་པ་གྲྭ་ཚང་དུ། གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་གནང་ནས་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག། དེ་ནས་རྒྱུ་སྨད་གྲྭ་ཚང་དུ་ཕེབས་ནས་དགེ་སྐོས་སོགས་ཀྱི་ཕྱག་ལས་ཡོངས་རྫོགས་གྲུབ་རྗེས། ནུབ་ཕྱོགས་རྒྱལ་ཁབ་ཨི་ཊ་ལའི་སོགས་སུ་ཕེབས་ནས་མཛད་པ་རྒྱ་ཆེ་བསྐྱངས་ཡོད་པ་རེད།
དེང་སྐབས་ཨི་ཊ་ལའི་ནང་རྟེན་གཞི་བྱས་པའི་ཁོང་གི་ཆོས་ཚོགས་ཁག་ཏུ། སློབ་མ་༢༦༠༠ ཙམ་ཡོད་པ་དང། མང་པོ་ཞིག་གིས་བོད་དོན་ཐོག་ལ་ཕྱག་ལས་གནང་རྒྱུ་དང༌། དེ་བཞིན་ནང་ཆོས་ལ་ཐུགས་སྣང་གནང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་གི་ཐད་ལ་ཧ་ཅང་གི་བློ་ཐག་ཉེ་པོ་གནང་བཞིན་ཡོད་པ་རེད། རིན་པོ་ཆེ་ཁོང་གིས་བོད་ཀྱི་ཆོས་དང་རིག་གཞུང་བོད་མིའི་རྩ་དོན་སོགས་ཀྱི་ཐད་ྋགོང་ས་མཆོག་གི་བཀའ་དགོངས་བཞིན་ཕྱག་ལས་རབས་དང་རིམ་པ་གནང་ཡོད་པ་དང༌། དེ་རིང་ཡང་ྋགོང་ས་མཆོག་གི་བཀའ་བཞིན་རྣམ་རྒྱལ་གྲྭ་ཚང་དུ་མཁན་པོ་ལ་ཕེབས་པ་ཞིག་ཡིན་པ་རེད།