ཁ་བྲལ་བའི་ལས་འགུལ་ནང་རྐྱེན་འདས་སུ་སོང་བ་རེད་ཟེར།
སྔ་ལོ་ཕྱི་ཟླ་༣ ཚེས་༡༤ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་ངོ་རྒོལ་ནང་ཞུགས་རྗེས་རྒྱ་མིའི་དྲག་ཆས་ཉེན་རྟོག་དམག་མི་སོགས་ནས་མེ་མདའ་གང་བྱུང་བརྒྱབ་སྟེ། བོད་མི་མང་པོ་དམར་གསོད་བཏང་བ་དང། མི་ཉུང་བ་ཞིག་བཙོན་འཇུག་བྱས་ཏེ་ད་ལྟ་དུས་བཀག་ལོ་ཚད་བཟོས་དང་བཟོ་བཞིན་ཡོད་པ་ལྟར། ལྷ་སའི་ཉེ་འཁོར་གྱི་རྫོང་ཁག་གི་ན་གཞོན་མང་པོ་ཞིག་ལྷ་སར་འཚོ་ཐབས་ཆེད་ལས་ཀ་ཙག་ཙིག་བྱེད་བཞིན་ཡོད་པ་མང་དག་ཞིག་ཀྱང་མཐོང་རྒྱུ་མེད་པར་གྱུར་ཡོད་པ་དང། འབྲེལ་ཡོད་ཕ་མ་སྤུན་མཆེད་ཀྱིས་བཙོན་ཁང་གང་སར་བཙལ་ཡང་རྙེད་སོན་བྱུང་མེད་པར་བརྟེན། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁོངས་སྙེ་མོ་རྫོང་གཡག་སྡེ་ཁུལ་ནས་ཡིན་པའི་ཕ་མ་ཁག་ཅིག་ནས་ཁོང་ཚོའི་ཕྲུ་གུ་རྫོང་འབྲེལ་ཡོད་ལས་ཁུངས་བརྒྱུད་རྩད་གཅོད་བྱས་པར། རྫོང་འབྲེལ་ཡོད་ལས་ཁུངས་ནས་རྩད་ཞིབ་རྗེས་གཞོན་སྐྱེས་དེ་དག་སྔ་ལོ་ཁ་བྲལ་གྱི་ལས་འགུལ་སྤེལ་རྐྱེན་འདས་གྲོངས་སོང་ཟིན་པའི་གསལ་བཤད་བྱས་ཡོད་འདུག འདས་གྲོངས་སོང་བའི་གཞོན་སྐྱེས་གསུམ་པོ་ནི། སྙེ་མོ་རྫོང་གཡག་སྡེ་གྲོང་སྟོད་ནས་ཡིན་པ་རྒྱལ་མཚན། རང་ལོ་༢༨ ཙམ་དང། སྙེ་མོ་རྫོང་གཡག་སྡེ་ཀླུ་བདེ་ནས་ཡིན་པ་མི་འགྱུར། རང་ལོ་༢༠ ལྷག་ཙམ། སྙེ་མོ་རྫོང་གཡག་སྡེ་ཁང་གསར་ནས་ཡིན་པ་ཕུན་ཚོགས་ཚེ་རིང། རང་ལོ་༢༠ ལྷག་ཙམ་ཡིན་པ་རེད། ཁོང་གསུམ་པོ་ནི་དེ་སྔ་ལྷ་སར་ལས་རིགས་ཙག་ཙིག་བྱས་ཏེ་འཚོ་བ་སྐྱེལ་མཁན་ཤ་སྟག་ཡིན་འདུག།།