བོད་ལ་རང་དབང་མེད་པའི་སྙན་ཞུ་ཞེས་པའི་འོད་སྡེར།
རྒྱ་ནག་གིས་འཛིན་བཞིན་པའི་དྲང་བདེན་མིན་པའི་སྲིད་བྱུས། བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་སོགས་ཀྱི་ཆེད་དུ་བོད་ལ་རང་དབང་མེད་པའི་སྙན་ཞུ་ཞེས་པའི་བརྙན་འཕྲིན་འོད་སྡེར་ཞིག་བཟོས་པ་དེའི་སྐོར་ལ་གསར་འགོད་གསལ་བསྒྲགས་བྱས་ཡོད་པ་རེད།
རྩོམ་པ་པོ་སྐལ་བཟང་ཚུལ་ཁྲིམས་ལགས་ཀྱི་སྤུན་མཆེད་སྐལ་བཟང་དམ་ཆོས་ཀྱིས་གསུངས་པ་ལྟར་ན། འོད་སྡེར་དེའི་དམིགས་ཡུལ་གཙོ་བོ་ནི། དེ་སྔ་རྩོམ་པ་པོ་སྐལ་བཟང་ཚུལ་ཁྲིམས་ལགས་ཀྱིས་བོད་ཀྱི་སྐོར་དེབ་ཁ་ཤས་བཏོན་ཡོད་ཀྱང། བོད་པའི་སྤྱི་ཚོགས་ཁྲོད་དུ་ཡིག་རྨོངས་པའི་གྲངས་འབོར་མང་བའི་རྐྱེན་གྱིས་ནུས་པ་དེ་ཙམ་ཐོན་གྱི་མེད་པས། འོད་སྡེར་གྱི་ལམ་ནས་བཟོ་སྐྲུན་བྱས་པ་ཞིག་ཡིན་པ་རེད་ཅེས་དང། བོད་རང་དབང་ཤོར་ནས་མི་ལོ་ལྔ་བཅུ་འཁོར་བ་དང། པཎ་ཆེན་རིན་པོ་ཆེ་བཙོན་དུ་བཅུག་ནས་མི་ལོ་བཅོ་ལྔ་ཙམ་འགྲོ་བཞིན་ཡོད་པ་དག་ལ་རྗེས་དྲན་དང། བོད་རྒྱལ་ཁབ་ཀྱི་རྒྱལ་ཕྲེང་༤༡ གི་ལོ་རྒྱུས་དང། ༡༩༥༡ ལོའི་རྒྱ་ནག་གིས་བཙན་འགེལ་བྱས་པའི་ཆིངས་ཡིག་དོན་ཚན་༡༧ དེ་བཞིན་༡༩༥༩ ལོའི་དོན་རྐྱེན། ༡༩༧༩ ལོ་བར་གྱི་བཙན་བྱོལ་གཞུང་གི་ལངས་ཕྱོགས་དང། ཡར་རྒྱས་ཇི་འདྲ་ཕྱིན་ཡོད་མེད་བཅས་མདོར་ན་ལོ་ངོ་ལྔ་བཅུའི་རིང་གི་བོད་ནང་གི་དངོས་དོན་རྣམས་བརྙན་འཕྲིན་གྱི་ལམ་ནས་གསལ་འདོན་བྱས་ཡོད་པ་རེད་ཅེས་དང། ལྷག་པར་དུ་བོད་ནང་གི་གཞོན་སྐྱེས་མང་པོ་ཞིག་གིས་བོད་རང་གི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་ཆབ་སྲིད་ཀྱི་གནས་སྟངས་ཡག་པོ་མི་ཤེས་པས་དེ་དག་ལ་གསལ་བཤད་བྱེད་ཆེད་དུ་ཡིན་པ་རེད་ཅེས་གསུངས་ཡོད་པ་རེད།
ཁོང་གིས་ད་དུང་རྩོམ་པ་པོ་སྐལ་བཟང་ཚུལ་ཁྲིམས་ཀྱི་འོད་སྡེར་འགྲེམས་སྤེལ་གྱི་དགོས་དམིགས་དང་རེ་བ་གཙོ་བོ་གང་ཡིན་འགྲེལ་བརྗོད་བྱས་པར། དགོས་དམིགས་གཙོ་བོ་ནི། བོད་གཞིས་བྱེས་མཉམ་འཛོམས་ཡོང་བ་དང། བོད་བསྟན་པ་ཆབ་སྲིད་ཡུན་དུ་གནས་ཆེད་དང། སྔོན་བྱོན་དམ་པ་ཚོའི་གསུང་དེ་དག་སེམས་ལ་བཟུང་ནས་བོད་སྐད་གཙང་མ་ཞིག་བཤད། བོད་ཡིག་ཡང་དག་ཅིག་སྦྱངས་ཏེ། མིག་རྒྱང་ཐུང་དུ་མ་བཅུག་པར་བོད་ཅེས་པའི་ཐ་སྙད་འདིར་དོན་བཤད་ལེགས་པོ་ཞིག་བྱས་ཏེ། མཐུན་སྒྲིལ་ཡག་པོའི་སྒོ་ནས་བོད་ཀྱི་རིག་གནས་འདི་ལ་གཅེས་སྤྲས་གང་ལེགས་བྱེད་དགོས་པ་དང་། གནས་ཚུལ་ཆུང་ཆུང་རེའི་སྟེང་ནས་རང་གི་རང་ཚུགས་འཆོར་དུ་མི་འཇུག་རྒྱུ་འདི་ཡིན་ཞེས་གསུངས་ཡོད་པ་རེད།
བརྙན་འཕྲིན་འོད་སྡེར་དེ་འདི་ལོའི་ཕྱི་ཟླ་༧ ཚེས་༡༨ ནས་བཟོ་འགོ་བརྩམས་པ་དང། ཚེས་༢༠ ནས་བཟུང་མང་ཚོགས་ཁྲོད་དུ་འགྲེམས་སྤེལ་བྱས་ཡོད་འདུག ལྷག་པར་དུ་ཁམས་དང་ཨ་མདོའི་ཁུལ་དུ་འོད་སྡེར་གྲངས་༢༥༠༠ ཙམ་འགྲེམས་སྤེལ་བྱེད་ཐུབ་ཡོད་ཀྱང། འོད་སྡེར་བཟོ་མཁན་རྩོམ་པ་པོ་སྐལ་བཟང་ཚུལ་ཁྲིམས་ད་སྐབས་གར་ཡོད་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད། །