མང་གཙོའི་དུས་ཆེན་ཐེངས་༤༩ པ་སྲུང་བརྩི་གནང་བ།

ཕྱི་ཟླ་༩ ཚེས་༢ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་བཙན་བྱོལ་བོད་གཞུང་གིས་རླབས་ཆེ་བའི་མང་གཙོའི་ལམ་སྲོལ་བཙུགས་ནས་ལོ་ངོ་༤༩ འཁོར་བའི་དུས་ཆེན་སྲུང་བརྩི་གནང་ཡོད་པ་དང། དེར་སྐུ་མགྲོན་གཙོ་བོ་དཔལ་ལྡན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་བོད་མི་སེར་སྐྱ་བརྒྱ་ཕྲག་མང་པོ་དང། ཧྤ་རན་སིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིན་ཧྤ་རན་ཀོསི་ཧམ་བརྜ་ཡིས་གཙོས་པའི་འཐུས་མི་ཁག་ཅིག་བཅས་ཕེབས་ཡོད་པ་རེད།
མཛད་སྒོའི་ཐོག་ཏུ་བཀའ་བློན་ཁྲི་པ་མཆོག་གིས་རྒྱ་གར་རྒྱལ་ཡོངས་འཛིན་གྲྭ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་སློབ་ཚན་སྡེ་ཁག་གསུམ་ནས་ཤེས་ཡོན་རྩེ་ཕུད་སོན་པའི་སློབ་མ་གསུམ་ལ་དགའ་ལྡན་ཕོ་བྲང་གི་སློབ་ཕྲུག་གཟེངས་རྟགས་ཞེས་པའི་བྱ་དགའ་བསྩལ་བ་དང། དེ་རྗེས་བཀའ་ཁྲི་མཆོག་གིས་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་དཔར་བསྐྲུན་བྱས་པའི་དཔེ་དེབ་ཐེ་ཝན་ཧུའུ་དབྱིན་ཚན་རྩལ་སློག་གྲྭ་ཆེན་མོའི་སློབ་དཔོན་སུའུ་ཅཱ་ཧོང་གིས་བརྩམས་པ་དང། ཤ་འབྲོང་བཀྲ་ཤིས་རྒྱ་མཚོས་རྒྱ་ཡིག་ནས་བོད་སྒྱུར་བྱས་པ་བཙན་བྱོལ་ནང་གི་དམངས་གཙོ་ཞེས་པ་དབུ་འབྱེད་གནང་སོང།དེ་རྗེས་བཀའ་ཁྲི་མཆོག་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་བཀའ་ཤག་དང་སྤྱི་འཐུས་ཀྱི་གསུང་བཤད་སྒྲོག་སྦྱངས་གནང་རྗེས། ཧྥ་རན་སིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིན་ཧྤ་རན་ཀོསི་ཧམ་བརྜ་ཡིས་གསུང་བཤད་གནང་དོན། བཙན་བྱོལ་བོད་གཞུང་འདི་མང་གཙོ་ཀ་བ་གསུམ་ལྡན་གྱི་གཞུང་ཞིག་ཡིན་པ་མ་ཟད། ནང་པའི་ཆོས་ཀྱི་ལྟ་གྲུབ་དེ་ཡང་ཕོ་མོའི་དབྱེ་བ་མེད་པའི་ལྟ་གྲུབ་ཅིག་ཡིན་པས། དེས་མང་གཙོའི་ལམ་སྲོལ་ལ་ལེགས་ཆ་བཟང་པོ་སྤྲོད་ཐུབ་པའི་རེ་བ་ཡོད་ཅེས་དང། ཕྱི་ལོ་༡༧༨༩ ལོར་ཧྥ་རན་སིར་གསར་བརྗེ་བྱས་པ་ནས་དཀའ་ངལ་མང་པོ་ཞིག་འཕྲད་པ་དང། ལྷག་པར་དུ་བུད་མེད་ཀྱིས་འོས་བླུགས་པའི་ཐོབ་ཐང་ལོ་བརྒྱ་ལྷག་གི་རིང་ལ་སྤྲད་མེད་པས། མང་གཙོའི་ལམ་སྲོལ་གྱི་ཐོག་ནས་ཧྥ་རན་སིས་བོད་བཙན་བྱོལ་གཞུང་ལ་སློབ་སྟོན་བྱེད་རྒྱུ་གང་ཡང་ལྷག་ཡོད་མ་རེད་ཅེས་གསུངས་སོང།

ཁོང་གིས་མུ་མཐུད་རྒྱ་ནག་གཞུང་དེ་མང་གཙོའི་ལམ་ལུགས་སུ་བསྒྱུར་ན་བོད་ཀྱི་དཀའ་ངལ་ཡང་སེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་དང། བོད་ཀྱི་དཀའ་ངལ་སེལ་བར་རྒྱ་ནག་མི་མང་ལ་བོད་ཀྱི་གནད་དོན་ངོ་སྤྲོད་བྱེད་ཐུབ་མིན་ལ་རག་ལས་པ་ཞིག་རེད་ཅེས་དང། མཐར་བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་གྱིས་བོད་ལ་ལོག་ཐུབ་པའི་རེ་བ་ཞུ་རྒྱུ་དང། ཧྥ་རན་སི་གཞུང་གིས་བོད་ལ་རྒྱབ་སྐྱོར་སྔར་བྱས་ཡོད་པ་རེད་ལ། མ་འོངས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་གསུངས་སོང།
མཐར་བོད་གཞུང་ཟློས་གར་དང། སློབ་གྲྭ་ཁག ཆོལ་ཁ་གསུམ་སོགས་ཀྱིས་བོད་མདོ་དབུས་ཁམས་ཀྱི་ས་ཆ་འདྲ་མིན་གྱི་གཞས་སྣ་འཁྲབ་སྟོན་བྱས་ནས་མཛད་སྒོ་ལེགས་གྲུབ་བྱུང་ཡོད་པ་རེད།།