ཐེ་ཝན་དུ་༧གོང་ས་མཆོག་གི་མཛད་འཕྲིན།
ཕྱི་ཟླ་༩ཚེས་༡ ཉིན་ཐེ་ཝན་ལྷོ་ཕྱོགས། ཀའོ་ཞུང་གྲོང་ཁྱེར་གྱི་རྩེད་ཐང་ཆེ་མོར་ཉེ་ལམ་ཐེ་ཝན་ལྷོ་ཕྱོགས་ས་ཁུལ་ཁག་གཅིག་ལ་རང་བྱུང་གནོད་འཚེ་ཚབས་ཆེན་ཕོག་པ་དེར་དམིགས་ནས་ྋགོང་ས་མཆོག་དབུ་བཞུགས་ཐོག་མི་མང་རྣམས་ནས་སྨོན་ལམ་གསོལ་འདེབས་ཆུ་ཚོད་གཉིས་ཙམ་རིང་བཏོན་པ་དང། སྐབས་དེར་མི་གྲངས་༡༠༠༠༠ ཙམ་འདུ་འཛོམས་བྱུང་ཡོད་པ་རེད།
དེར་༸ྋགོང་ས་མཆོག་གིས་ད་རེས་ངོས་རང་འདིར་ཡོང་དགོས་པའི་དམིགས་ཡུལ་ནི་གོད་ཆག་བྱུང་བ་རྣམས་ལ་སྨོན་ལམ་དང༌། རྐྱེན་ངན་བར་ཆད་སེལ་ཐབས་ཀྱི་ཆེད་དུ་ཡིན་ཞེས་གསུངས་ཡོད་པ་དང། དེར་ཐེ་ཝན་མི་མང་མང་པོས་༸གོང་ས་མཆོག་ཕེབས་པར་ཧ་ཅང་དགའ་པོ་བྱུང་ཚུལ་བརྗོད་མཁན་བྱུང་ཡོད་པ་རེད།
ཐེ་ཝན་གྱི་སྲིད་འཛིན་མཱ་ཡིང་ཇུའུ་ནས་མགོན་པོ་གང་ཉིད་དང་མཇལ་འཕྲད་གནང་རྒྱུ་མིན་སྐོར་གསུངས་པ་དེར་ཐུགས་བློ་ཕམ་པ་སོགས་གང་ཡང་བྱུང་མེད་སྐོར་དང། མ་གཞི་ཐེ་ཝན་དང་རྒྱ་ནག་སྐམ་ས་གཉིས་བར་འབྲེལ་ལམ་འཛིན་རྒྱུ་ཧ་ཅང་གལ་ཆེན་ཡིན་རུང། དེ་དང་ཆབས་ཅིག་ཐེ་ཝན་ངོས་ནས་རང་ཉིད་ཀྱི་མང་གཙོ་དང་བདེ་སྐྱིད་ལ་གཅེས་སྐྱོང་ཐུབ་པ་དགོས་སྐོར་དང། ད་དུང་༸གོང་ས་མཆོག་གིས་མི་མང་ཁག་ཅིག་ངོ་རྒོལ་བྱེད་མཁན་བྱུང་བའི་སྐོར་གསར་འགོད་པར་གསུངས་པ་ལྟར་ན། དེ་ནི་མང་གཙོའི་རྣམ་པ་མཚོན་པ་ཞིག་ཡིན་པས་མི་མང་ཚོར་རང་ཉིད་ཀྱི་ལྟ་ཚུལ་འདོན་པའི་དབང་ཆ་ཡོད་པ་རེད་ཅེས་ལན་གསལ་པོ་གནང་ཡོད་པ་རེད།
ྋགོང་ས་མཆོག་གིས་མང་གཙོ་ཡར་ཐོན་ཚོགས་པའི་དབུ་ཁྲིད་ཚའི་ཡིང་ཝན་དང༌། གྲོང་ཁྱེར་སྤྱི་ཁྱབ་པ་ལྕམ་སྐུ་གྲེན་ཁྲུའུ་བཅས་ལ་ཆུ་ཚོད་ཕྱེད་ཙམ་རིང་མཇལ་འཕྲད་སྐབས་ྋགོང་ས་མཆོག་གིས་ད་རེས་ཐེ་ཝན་དུ་ཕེབས་དོན་ཡང། དེ་སྔོན་ཐེ་ཝན་དུ་ཐེངས་གཉིས་ཕེབས་པ་དང་མཚུངས་འགྲོ་བ་མིའི་བདེ་རྩ་ཆེད་ཁོ་ན་ཡིན་པའི་ཐོག་རང་བྱུང་གི་གོད་ཆག་བྱུང་བ་རྣམས་ལ་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
གཞན་ཡང་ཐེ་ཝན་གོ་མིན་ཏང་གཞུང་འཛིན་མི་སྣས་བརྗོད་པ་ལྟར་ན། ཐེ་ཝན་དང་རྒྱ་ནག་གཉིས་ཀྱི་དུས་བཀག་གི་མཁའ་ཐོག་འགྲུལ་སྐྱེལ་གནམ་གྲུ་ཐད་ཀར་གཏོང་བའི་རྟེན་འབྲེལ་མཛད་སྒོ་ཛ་དྲག་གིས་ཕྱིར་འཐེན་བྱེད་དགོས་བྱུང་ལུགས་དང། རྒྱ་ནག་གི་ལེའོ་ཉིང་ཞིང་ཆེན་ནང་ཚུགས་རྒྱུའི་ཐེ་ཝན་གྱི་གཟའ་འཁོར་ཞེས་པའི་དུས་སྟོན་ཐོག་རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གི་གཞུང་ལས་ཁང་གི་འགན་འཛིན་ཝང་དབྱི་མཉམ་ཞུགས་བྱ་རྒྱུ་ཕྱིར་འཐེན། དེ་བཞིན་རྒྱ་ནག་ནན་ཅིང་གྲོང་ཁྱེར་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཀྲུའུ་ཧུན་ལུའུ་གཙོས་པའི་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་དུ་ཡོང་རྒྱུ་ཡང་ཕྱིར་འཐེན་བྱས་ལུགས་བརྗོད་འདུག འོན་ཀྱང་ཐེ་ཝན་གོ་མིན་ཏང་གི་གཞུང་འཛིན་མི་སྣས་༸གོང་ས་མཆོག་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁོ་ནའི་ཆེད་དུ་ཕེབས་པ་ཞིག་ཡིན་པས། ཐེ་ཝན་དང་རྒྱ་ནག་སྐམ་ས་གཉིས་ཀྱི་འབྲེལ་བར་དུས་ཡུན་རིང་པོར་གནོད་སྐྱོན་ཡོང་མི་སྲིད་པའི་བསམ་ཚུལ་ཡང་ཤོད་ཀྱི་ཡོད་འདུག །