མོན་གྷོ་རུ་མང་གཙོའི་དུས་ཆེན་སྲུང་བརྩི།
དེ་རྗེས་ཆུ་ཚོད་༩ ཐོག་མང་གཙོའི་དུས་དྲན་ཐེངས་༤༩ པ་སྲུང་བརྩི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚུལ་ཁྲིམས་འོད་ཟེར་དང༌། མོན་གྷོ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་བསོད་ནམས་རྡོ་རྗེ། མོན་གྷོ་ས་གནས་འགོ་འཛིན་སྐུ་ངོ་དཔལ་ལྡན་དོན་གྲུབ། དེ་བཞིན་གྲྭ་ཚང་ཁག་དང༌། གཞིས་གྲོང་ཁག་གི་སྤྱི་མི་ཕྱག་མཛོད་རྣམ་པ་སོགས་ཕེབས་ཡོད་པ་དང༌། ཐོག་མར་མོན་གྷོ་གཞིས་སྤྱིའི་ཚོགས་ཁང་དུ་༧གོང་ས་སྐྱབས་མགོན་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་མོ་གདན་འདྲེན་ཞུས་ཡོད་པ་དང༌། དེ་ནས་སྤྱི་འཐུས་ཚུལ་ཁྲིམས་འོད་ཟེར་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་དང་འབྲེལ་༧གོང་ས་མཆོག་གིས་གསོས་རས་གནང་ཡོད་པའི་དམངས་གཙོའི་ཁེ་དབང་ཡང་དག་པ་ཞིག་ལོངས་སུ་སྤྱད་དགོས་སྐོར་སོགས་གསུང་བཤད་གནང་ཡོད་པ་དང༌། དེ་བཞིན་ས་གནས་འགོ་འཛིན་སྐུ་ངོ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་འཛིན་སྐྱོང་བཀའ་ཤག་གིས་གསུང་འཕྲིན་སྒྲོགས་སྦྱང་གནང་ཡོད་པ་དང༌། ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་བསོད་ནམས་རྡོ་རྗེ་ལགས་ཀྱིས་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོའི་ཚབ་བྱས་ནས་གསུང་བཤད་གནང་དོན། ས་གནས་གྲོས་ཚོགས་སྐབས་བདུན་པའི་ཚོགས་ཆེན་དང་པོའི་ཐོག་གྲོས་འཆར་གྲོས་ཆོད་དང་ཐུགས་སྣང་ཞེན་སྐུལ་སོགས་ལས་གང་འཚམས་ཤིག་གཞུང་འབྲེལ་གྲོས་ཆོད་དུ་འཇོག་ཐུབ་པའི་དགའ་སྤོབས་སྐྱེས་དགོས་པ་ཞིག་དང༌། ང་ཚོ་ལ་བཀའ་དྲིན་ཆེ་བའི་མི་རབས་རྒན་པ་ཚོ་ལ་མི་རེའི་ངོས་ནས་བཀའ་དྲིན་རྗེས་དྲན་དང༌། གུས་བཀུར་བྱམས་སྐྱོང་སོགས་བྱེད་དགོས་པའི་འབོད་སྐུལ་གསུང་བཤད་གནང་ཡོད་པ་རེད། དེ་བཞིན་ལྔ་བཅུ་དུས་དྲན་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག་བཟང་སྤྱོད་ནི་ཤེས་ཡོན་ལས་གལ་ཆེ་ཞེས་པའི་བརྗོད་གཞིའི་ཐོག་མོན་གྷོ་ས་གནས་ནང་ཁུལ་གྱི་སློབ་གྲྭ་ཁག་བོད་སྐད་ཐོག་བགྲོ་གླེང་འགྲན་སྡུར་ཞིག་མང་གཙོའི་དུས་དྲན་གྱི་ཉིན་མོ་དང་སྟབས་བསྟུན་ནས་འཚོགས་ཡོད་པ་དང༌། དེ་ཡང་བགྲོ་གླེང་དེ་བཟང་སྤྱོད་ནི་ཤེས་ཡོན་ལས་གལ་ཆེ་བ་དང་ཤེས་ཡོན་ནི་བཟང་སྤྱོད་ལས་གལ་ཆེ་ཚུལ་སྒྲུབ་ཕྱོགས་དང་དགག་ཕྱོགས་གཉིས་ནས་བགྲོ་གླེང་བྱས་ཡོད་པ་རྗེས། ཨང་རིམ་དང་པོ་དགའ་ལྡན་ཤར་རྩེ་སློབ་གྲྭའི་སློབ་བུ་དཀོན་མཆོག་ངག་དབང་དང༌། གཉིས་པ་འབྲས་སྤུངས་སྒོ་མང་སློབ་གྲྭའི་བློ་བཟང་སྦྱིན་པ། གསུམ་པ་དགའ་ལྡན་བྱང་རྩེ་སློབ་གྲྭའི་བློ་བཟང་དངོས་གྲུབ་བཅས་བགྲོ་གླེང་ནང་རྩེ་ཕུད་ཡག་ཤོས་བྱུང་བ་དང༌། ཨང་དང་པོ་ལ་ཧིན་སྒོར་༥༠༠ དང་ཨང་གཉིས་པ་ལ་ཧིན་སྒོར་༣༠༠ ཨང་གསུམ་པ་ལ་ཧིན་༢༠༠ བཅས་བྱ་དགའ་གནང་སོང༌། དེ་བཞིན་ཉིན་རྒྱབ་ཆུ་ཚོད་༣ པའི་ཐོག་མོན་གྷོ་གཏན་ཉིན་སློབ་གྲྭའི་དབུ་མའི་ཁང་ཚན་བཞིའི་བོད་ཀྱི་རིག་གཞུང་གཞས་སྣ་འགྲན་སྡུར་ཞིག་མི་མང་ལ་གཟིགས་འབུལ་ཞུས་ཡོད་པ་དང༌། སློབ་སྤྱི་ཕུན་རབ་ཆོས་བཟང་ལགས་ཀྱིས་གཞས་སྣ་འཁྲབ་སྟོན་དེའི་སྐོར་གསུང་བཤད་གནང་དོན། ང་ཚོའི་སློབ་གྲྭའི་གཞས་སྣ་འཁྲབ་སྟོན་འདི་དཔལ་འབྱོར་འདུ་འགོད་དང་དུས་ཚོད་འཕྲོ་བརླག་བཏང་ནས་འཁྲབ་བསྡད་པ་ཞིག་རྩ་བ་ནས་མིན། གང་ཡིན་ཟེར་ན་ཆོས་དང་རིག་གཞུང་ནི་རྒྱལ་ཁབ་ཅིག་གིས་ངོ་བོ་མཚོན་བྱེད་ཡིན་པའི་ཕྱིར་ན་ང་ཚོའི་འཁྲབ་སྟོན་འདི་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་ཡིན་པ་མ་ཟད། བཙན་བྱོལ་ནང་འཚར་ལོང་བྱུང་བའི་གཞོན་སྐྱེས་ཚོ་ལ་བོད་མདོ་དབུས་ཁམས་གསུམ་གྱི་ཆས་གོས་ཆ་ལུགས་སོགས་ངོ་སྤྲོད་བྱེད་ཆེད་ཡིན་སྐོར་གྱི་བཀའ་སློབ་གསུང་བཤད་ཟབ་རྒྱས་གནང་སོང༌།
མོན་གྷོ་གསར་འགོད་པས།