ཐེ་ཝན་གྱིས་རྒྱལ་ཚོགས་སུ་ཞུགས་རྒྱུའི་སྙན་ཞུ་འབུལ་རྒྱུ་མིན་ཟེར།
ཟླ་འདིའི་ཚེས་༥ཉིན་གསར་ལམ་ཁག་ནས་གནསཚུལ་སྤེལ་གསལ་ལྟར་ན། ཐེ་ཝན་ཕྱི་སྲིད་ལས་ཁུངས་ནས་ལོ་ལྟར་རྒྱལ་ཚོགས་སུ་ཐེ་ཝན་རང་བཙན་རྒྱལ་ཁབ་ཀྱི་མིང་ཐོག་ནས་འཛུལ་ཞུགས་ཆེད་སྙན་ཞུ་འབུལ་གྱི་ཡོད་ཀྱང། འདི་ལོར་རྒྱལ་ཚོགས་སུ་འཛུལ་ཞུགས་ཀྱི་སྙན་ཞུ་འབུལ་རྒྱུ་མིན་པའི་གསལ་བསྒྲགས་བྱས་ཡོད་པ་དང། གསར་ལམ་ཁག་ཏུ་ྋགོང་ས་མཆོག་ཉེ་སྔོན་ཐེ་ཝན་དུ་གདན་འདྲེན་ཞུས་པ་དེར། རྒྱ་ནག་ཧ་ཅང་ཁོང་ཁྲོ་ལངས་ཡོད་པ་ལ་དགོངས་སེལ་ཞུས་པའི་རྣམ་འགྱུར་སྟོན་ཆེད་དུ་ཡིན་པའི་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་ཕྱི་ལོ་༡༩༧༢ ལོ་ཡས་མས་ནས་ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ནས་ཕྱིར་ཐོན་པ་དང། དེ་ནས་རྒྱ་ནག་ལ་རྒྱལ་ཚོགས་སུ་གཏན་འཇགས་རྒྱལ་ཁབ་ཀྱི་དབང་ཆ་ཐོབ་ནས། གོ་གཅིག་ཆོད་ལྟ་བུས་ཐེ་ཝན་གྱི་ཚོང་དོན་དང་ཕྱི་འབྲེལ་སོགས་ལ་ཐེ་གཏོགས་མང་པོ་བྱས་ཡོད་པས། ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པ་དང་ཐེ་ཝན་རང་བཙན་ཚོགས་པ་སོགས་ཀྱིས། སླར་ཡང་ཐེ་ཝན་རྒྱལ་ཚོགས་སུ་ཞུགས་དགོས་སྐོར་དང༌།¿1[0f50]ེ་ཝན་ལ་རྒྱལ་ཁབ་གཅིག་གི་ཐོབ་ཐང་དགོས་ཚུལ་སོགས་ཞུ་འབོད་བྱས་དང་བྱེད་བཞིན་ཡོད་པ་རེད། དེ་བཞིན་རྒྱལ་ཚོགས་ཀྱིས་གོ་སྒྲིག་འོག་ནས་རྒྱལ་ཁབ་སྐྱོ་པོ་དང་རང་བྱུང་གི་གནོད་འཚེ་ཕོག་ཡུལ་བཅས་ལ། སྨན་དང་ལྟོ་གོས། འཛུགས་སྐྲུན་སོགས་ཀྱི་ལས་གཞིའི་ནང་ཐེ་ཝན་རང་བཙན་རྒྱལ་ཁབ་གྱི་མིང་ཐོག་ནས་འཛུལ་ཞུགས་ཀྱི་གོ་སྐབས་རག་ཐབས་ཐེངས་མང་བྱེད་མྱོང་ཡང། རྒྱ་ནག་གཞུང་ཕྱོགས་ནས་ཐེ་ཝན་གཞུང་གི་ཚབ་རྒྱ་ནག་གིས་འགྲིག་གི་ཡོད་པའི་བསམ་ཚུལ་བཏོན་ནས། ཐེ་ཝན་རྒྱལ་ཚོགས་སུ་འཛུལ་ཞུགས་བྱེད་རྒྱུ་བཀག་ཐབས་ཁོ་ན་བྱེད་ཀྱི་ཡོད་པ་རེད།
འདི་ལོའི་ནང་ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱིས་ཐག་གཅོད་འོག་ནས། ཐེ་ཝན་གཞུང་རྒྱལ་ཚོགས་སུ་འཛུལ་ཞུགས་བྱེད་རྒྱུའི་སྙན་ཐོ་འབུལ་རྒྱུ་མིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་དང། ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པ་དང་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་འདོད་པ་དེ་ཙམ་མེད་རུང། ཐེ་ཝན་འཛིན་སྐྱོང་བྱེད་མཁན་གོ་མིན་ཏང་ཆབ་སྲིད་ཚོགས་པས་ལས་དོན་ལག་བསྟར་བྱེད་ཀྱི་ཡོད་པ་རེད། གསར་འགྱུར་དབྱེ་ཞིབ་པ་ཚོས། ཐེ་ཝན་གཞུང་ཕྱོགས་ནས་འདི་ལོར་རྒྱལ་ཚོགས་སུ་འཛུལ་ཞུགས་བྱེད་རྒྱུའི་སྙན་ཞུ་ཕུལ་མེད་པའི་རྒྱུ་མཚན་གཙོ་བོ་ནི། ཉེ་དུས་ྋགོང་ས་ཏཱ་ལའི་བླ་མ་ཐེ་ཝན་དུ་ཆིབས་བསྒྱུར་གནང་ནས་རྒྱ་ནག་པེ་ཅིང་གཞུང་ཁོང་ཁྲོ་ཆེན་པོ་ལངས་ཡོད་པས། མཚོ་འགག་གཉིས་ཀྱིས་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་ལ་བར་ཆད་འབྱུང་སྲིད་པའི་འཇིགས་སྣང་འོག་ནས། ཐེ་ཝན་གཞུང་གིས་རྒྱ་ནག་ལ་ངོ་དགའ་སྤྲེལ་ལད་ཀྱི་རྣམ་འགྱུར་བསྟན་པ་ཞིག་རེད་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།།