བཙུན་མའི་བཤད་གྲྭ་ཞིག་དབུ་འབྱེད་གནང་བ།

གཞན་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་༧༠༠༠ ལྷག་ཙམ་གྱིས་ཐོག་མར་དད་གུས་སྤྲོ་གསུམ་གྱི་སྒོ་ནས་མཆོད་རྫས་སྣ་ཚོགས་ཀྱིས་སྣེ་དྲངས་ཏེ་ྋསྐྱབས་མགོན་ྋགོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་དང༌། སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག་དང༌། སྐྱབས་མགོན་གདུང་སྲས་རཏ་ན་བཛྲ་རིན་པོ་ཆེ། གདུང་སྲས་ཨ་བྷི་ཁེ་ཀ་བཛྲ་རིན་པོ་ཆེ། སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་པོ་སྐུ་གཞོན་རིན་པོ་ཆེ། ངོར་མཁན་རབས་༧༧ པ་མཁན་པོ་ཁྲི་པ་སྐྱབས་རྗེ་ཐར་རྩེ་མཁན་རིན་པོ་ཆེ། བསྟན་པའི་གསལ་བྱེད་ཁང་གསར་ཞབས་དྲུང་རིན་པོ་ཆེ། བཅོ་བརྒྱད་ཞབས་དྲུང་རིན་པོ་ཆེ། སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་རྣམས་བཤད་གྲྭའི་དབུ་འབྱེད་རྟེན་འབྲེལ་མཛད་སྒོའི་ཚོགས་མགོན་དུ་ཕེབས་ཡོད་པ་རེད། ཆུ་ཚོད་ ༩།༣༥ ཐོག་ལ་ྋསྐྱབས་མགོན་ྋགོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ནས་དབུ་འཁྲིད་རྟེན་འབྲེལ་མཛད་སྒོའི་དར་ཚོན་གཅོད་འབྲེག་དང་ཤིས་ཚིག་བཀའ་དྲིན་བསྐྱངས་རྗེས། བཞུགས་ཁྲིར་ཞབས་སོར་འཁོད་དང༌། སྣང་གསལ་ཞལ་དབྱེ་གནང༌། དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་སློབ་གཉེར་བ་ཁག་ཅིག་ནས་བོད་སྐད་དང༌། ལེགས་སྦྱར་གྱི་སྐད་ཐོག་འཇམ་དཔལ་དབྱངས་ཀྱི་བསྟོད་གླུ་མཆོད་སྤྲིན་དུ་ཕུལ། མཁན་པོ་ཆོས་གྲགས་རྒྱ་མཚོ་ལགས་ནས་བྱོན་པ་ལེགས་སོའི་གསུང་བཤད་གནང༌། ཆུ་ཚོད་ ༡༠།༠༥ ཐོག་ལ་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭའི་མཁན་ཆེན་བསོད་ནམས་རྒྱ་མཚོ་ལགས་དང༌། དེའི་རྗེས་ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས་ཀྱིས་གསུང་བཤད་གནང༌། ཆུ་ཚོད་ ༡༠།༤༥ ཐོག་དམིགས་བསལ་སྐུ་མགྲོན་བོད་ཀྱི་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་ལྕམ་རིན་ཆེན་མཁའ་འགྲོ་མཆོག་ནས་བཙུན་མའི་བཤད་གྲྭ་དང་འབྲེལ་བའི་གསུང་བཤད་གནང་གྲུབ་རྗེས། སྐུ་མགྲོན་གཙོ་བོ་རང་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ནས་ཀྱང་བཀའ་སློབ་གསུང་བཤད་གནང༌། ཆུ་ཚོད་༡༡།༡༠ ཐོག་ྋསྐྱབས་མགོན་ྋགོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་འདུས་ཚོགས་ཡོངས་ལ་བླང་དོར་གྱི་བཀའ་སློབ་ཟབ་མོ་བཀའ་དྲིན་བསྐྱངས་གནང་མཛད། ཆུ་ཚོད་ ༡༡།༢༥ ཐོག་ས་སྐྱ་མཐོ་རིམ་སློབ་གྲྭའི་སློབ་དགེ་ཐུབ་བསྟན་རབ་གསལ་ལགས་ནས་ཐུགས་རྗེ་ཆེ་ཞུས་གྲུབ་རྗེས། ཚོགས་བཅར་བ་ཡོངས་ནས་འགྲོ་ལ་བདེ་སྐྱིད་མ་དབྱངས་དང་བཅས་འུར་འདོན་མཛད་རྗེས་མཛད་སྒོ་ལེགས་གྲུབ་བྱུང་སོང་བ་བཅས། གནས་ཚུལ་མཁོ་འདོན་པ་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ།