ཁྲམ་པའི་འདུ་ཚོགས་ཀྱི་སྐྱེས་སྐར་སྲུང་བརྩི།
རང་ཆེ་འཛིན་དང་རྫིག་ཉམས་ངོམ་མཁན་གྱི་ཁྲམ་ཚོགས་ཀྱི་མགོ་དཔོན་དེ་དོན་དངོས་ཐོག་ཉེན་ཁའི་གནས་སུ་ལྷུང་ཟིན་པ་མ་ཟད། ཁོའི་མདུན་ཅོག་སྒང་ཕུན་སུམ་ཚོགས་པའི་ཟས་རིགས་སྣ་ཚོགས་དེ་དག་ཀྱང་ཁ་གང་ཡང་མིད་པར་འགྲོ་ཡི་མ་རེད། དེ་མིན་ཁོའི་གཡས་གཡོན་དུ་སྐུ་སྲུང་གིས་ཁོ་དང་ཁྱིམ་མིའི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ནའང༌། མཐར་རྫིག་ཉམས་དོད་པའི་ཁྲམ་རྒན་དེ་གཡོ་འོག་གི་མཚོན་ཆའི་འོག་ནས་ཤི་རྒྱུའི་ལས་དབང་དེ་འགོག་ཐབས་མེད། གློག་བརྙན་གཅིག་ནང་བཤད་མྱོང་བ་ལྟར། ཕྱིར་འཁོར་བར་འཁྱམ་ཉུལ་ཡོང་དུས་བཞག་པའི་བུ་ལོན་དེ་སྔ་ཕྱི་མ་གཏོགས་འཇལ་དགོས་ཀྱི་རེད་ཟེར་བ་ལྟར་རེད།
དེང་སང་ལོ་དྲུག་ཅུར་ཟིན་པའི་དམར་ཤོག་ཚོགས་པ་དེའང་བརྙན་འཕྲིན་ནང་གི་ཁྲམ་པའི་འདུ་ཚོགས་ཚོའི་མགོ་དཔོན་དེ་དང་མཚུངས། མ་རེད། ཁོ་ཚོ་ཁྲམ་པའི་མགོ་དཔོན་ལས་དངངས་འཚབ་ཆེ་བ་ཡོད། མི་ཚོས་མེ་འཁོར་དང་འགྲིམ་འགྲུལ་རླངས་འཁོར་དུ་འཛིན་བྱང་ཉོ་སྐབས། ཡུལ་མིའི་ལག་འཁྱེར་ཐོ་འགོད་ཀྱིས་མིང་བདེན་པའི་ལམ་ལུགས་ཟེར་བའི་གོ་རིམ་ཞིག་ངེས་པར་བརྒྱུད་དགོས། པེ་ཅིང་དུ་འགྲོ་མཁན་ཚང་མས་དོ་དམ་ནན་མོའི་ཞིབ་བཤེར་ཐེངས་འགར་བརྒྱུད་དགོས་པ་དང༌། ཞིབ་བཤེར་བྱེད་མཁན་དམག་དེ་ཚོ་ཚང་མ་མཚོན་ཆ་ཆ་ཚང་འཁྱེར་མཁན་གྱི་ཉེན་རྟོག་པ་ཤ་སྟག་རེད། པེ་ཅིང་གནམ་སྡེ་སྒོ་མོ་ཆེའི་ཉེ་འགྲམ་དུ་གནས་སྡོད་བྱེད་མཁན་མི་མང་གིས་དེ་བས་དེའི་སྐོར་གྱི་སྡུག་གྱོང་རག་བཞིན་པ་རེད། གལ་ཏེ་ལག་འཁྱེར་མེད་ན་ལམ་འགྲམ་གྱི་ཉེན་རྟོག་པས་བཀག་ཉར་བྱེད་ངེས་པ་མ་ཟད། དེ་ནས་ཉེ་འཁོར་གྱི་ཉེན་རྟོག་སྡེ་ཁག་ཡོངས་ལ་བརྡ་སྤྲོད་ཟིན་པ་ཡིན་ལ། ཉེན་རྟོག་པ་དོ་བདག་ལེན་པར་ཡོང་དགོས་པ་རེད། རྒྱུན་ཆད་མེད་པའི་འཁྲབ་སྟོན་དེ་དག་གིས་གཞུང་ལམ་བཀག་འགྲོ་བ་དང༌། ཡུལ་མི་མང་པོ་ཁྱིམ་དུ་ཕྱིར་ལོག་དཀའ་བ། དུས་ཆེན་སྐབས་ཀྱི་འཁྲབ་སྟོན་སྦྱོང་བརྡར་བྱེད་བཞིན་པའི་ལམ་ཁ་དེ་དག་ལ། ས་འོག་ལྕགས་ལམ་དང་སྤྱི་སྤྱོད་འགྲིམ་འགྲུལ་ལམ་ཁའི་ཐོག གླ་འཁོར་སོགས་ཡོངས་རྫོགས་པེ་ཅིང་གི་ལྟེ་གནས་སུ་འགྲོ་ཐབས་མེད། ས་གནས་རང་གི་ཡུལ་མི་དེ་དག་གིས་བཤད་སྲོལ་ལ་དེ་སྔོན་པེ་ཅིང་དམག་མིས་མི་རྣམས་ལ་ཡུལ་མི་བཟང་པོ་ཟེར་བའི་འཛིན་ཤོག་ཞིབ་བཤེར་བྱས་པའང་ཞིབ་ཕྲ་དེ་འདྲ་མེད་ཅེས་བརྗོད་སྲོལ་ཡོད་པ་རེད།
ངའི་ཁྱིམ་གྱི་སྒོ་འགྲམ་དུ་ཟླ་༡༠ པའི་ཚེས་༡ ཉིན་རྒྱལ་སྟོན་དུས་ཆེན་སྔོན་གྱི་གཟའ་འཁོར་གསུམ་ནས་བཟུང་ཆེད་དུ་མི་མང་པོ་བཞག་ཚར་བ་རེད། དེའི་ནང་ངའི་ངོ་ཤེས་པའི་ཉེན་རྟོག་མི་སྣའི་ངོ་གདོང་ཡང་ཡོད། ན་ནིང་ནས་བཟུང་ཨོ་རྩལ་འགྲན་ཚོགས་དང། དེ་ནས་འདི་ལོའི་དྲུག་བཞིའི་དུས་དྲན་ཟིན་ནས་ལོ་ངོ་ཉི་ཤུ་ཧྲིལ་པོ་འཁོར་བའི་རྣོ་ངར་ཆེན་པོ་ཡིན་ཟེར་བའི་དུས་རིམ་ནང་ཁོ་ཚོ་ང་དང་གྲིབ་མ་ནང་བཞིན་འགྲོག་བཞིན་པ་རེད། དེ་མིན་ཉེན་རྟོག་རུ་དཔུང་ཕྱོགས་ཀྱི་ནུས་ཤུགས་མ་འདང་བའི་རྐྱེན་གྱིས་ན་གཞོན་བུ་འགའ་ཡང་མི་གླ་བསྒྲིགས་ཡོད་པ་རེད། དེ་དག་མཐོང་བ་ཙམ་གྱིས་ཁོ་ཚོ་ནི་གྲོང་ཚོའི་ནང་འཁྱམ་མྱུལ་བྱེད་བཞིན་པའི་གཞོན་ནུ་འཁྱམ་པོ་དེ་དག་ཡིན་པ་ཤིན་ཏུ་གསལ། ཁོ་ཚོས་རྐུབ་སྟེགས་ཁྱེར་ཡོང་ནས་ངའི་ཁྱིམ་སྲུང་བསྡད་པའི་ཉོབ་སྣང་ཆེན་པོ་འདྲ་མཐོང༌། ཁོ་ཚོས་ང་སུ་ཡིན་མིན་ཤེས་ཀྱི་ཡོད་པ་མ་ཟད། དེ་བཞིན་ང་སྲུང་དགོས་པའི་རྒྱུ་མཚན་ཡང་ཤེས་ཀྱི་ཡོད། ན་ནིང་ཟླ་བརྒྱད་པ་ནས་འདི་ལོའི་ཟླ་དགུ་པ་བར་ཨོ་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་གྱི་འགྲན་ཚོགས། འཐུས་མིའི་ཚོགས་དུས་གཉིས་པ་དང༌། དྲུག་བཞིའི་དུས་དྲན་འཁོར་ནས་ལོ་ཉི་ཤུ་ཟིན་པ་བཅས་ཡིན་ལ། ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གི་འགོ་ཁྲིད་ཚོ་རྒྱ་ནག་ཏུ་འཚམས་འདྲིར་འབྱོར་རྒྱུ་རེད། དུས་ཚོད་འདི་དག་གི་རིང་ལ་ངའི་རང་དབང་ཆ་ཚང་བོར་རྒྱུ་ཡིན་ཞིང༌། ལམ་ལུགས་མི་འདྲ་བའི་སྒོ་ནས་ང་ལ་རྙོག་གྲ་ཡང་ཡོང་ངེས་ཡིན། ལོ་གཅིག་གི་དུས་ཚོད་ནང་རྟག་པར་དུས་ཚོད་འདི་འདྲ་ཟླ་བ་གསུམ་ཙམ་རྫོགས་དགོས་ཀྱི་རེད།
ངར་དོགས་པ་ཤུགས་ཆེར་སྐྱེ་གཞི་གཅིག་ནི་ཨ་རི་བཙན་རྒྱལ་རིང་ལུགས་ཟེར་བ་དེའང་མིག་ནང་མི་འཇོག་མཁན་ཧུའུ་ཅིན་ཐའོ་ཁོ་ང་ལྟ་བུའི་ཡི་གེ་བ་ཞིག་ལ་སྐྲག་དགོས་དོན་གང་ཡིན་ནམ། ངའི་ལག་ནང་གློག་འཕྲུལ་གྱི་ཟིན་བྲིས་དེབ་ཆུང་ཆུང་ཞིག་ལས་མཚོན་ཆ་ཁབ་ཙམ་ཡང་མེད། ངས་ཁོ་ཚོའི་མ་རྐང་གི་དོན་སྙིང་ཟེར་བ་དང་མི་མཚུངས་པའི་རྩོམ་འགའ་བྲིས་པ་ལས་གཞན་ཁོ་ཚོར་བེད་སྤྱོད་གང་ཡང་མེད། ཁྱོད་ཚོ་སྐྱེས་སྐར་གཏོང་ན་ང་དང་འབྲེལ་བ་གང་ཡོད་དམ། ང་ལ་རྙོག་འཛིང་བཟོ་དགོས་དོན་ཅི་ཡིན། སྤྱི་ཁྱབ་ཤེས་ཡོན་པ་རེ་རེ་དང་རང་གི་ཁེ་ཕན་དང༌རང་དབང༌། དེ་བཞིན་ལ་རྒྱ་སྲུང་མཁན་གྱི་ཡུལ་མི་ཡོངས་རྫོགས་དགྲ་བོ་འཛིན་དགོས་དོན་གང་ཡིན་ནམ། དེ་ནི་ཁོ་ཚོ་འཇིགས་སྐྲག་སྐྱེས་པའི་རྟགས་རེད། ཧུའུ་ཅིན་ཐའོ་ནི་ཐོག་མཐའ་བར་གསུམ་དུ་འཇིགས་སྣང་གི་གྲིབ་གཟུགས་ནང་འཚོ་བཞིན་ཡོད། རྒྱ་ནག་དབུས་འཐུས་ཚོགས་དགུ་པའི་ཐོག་གི་རྣམ་པ་ལ་གཅིག་ལྟོས་དང༌། འཐུས་མི་དེ་ཚོ་སུའི་གདོང་ལ་སེམས་གཏིང་ནས་དགའ་སྤྲོའི་འཛུམ་མདངས་འདུག་གམ། ཁོ་ཚོས་ནུས་པ་གང་ཡོད་ཀྱིས་འཛུམ་མདངས་བཅོས་མ་ཞིག་བཟོས་ཡོད་ཀྱང༌། དེ་ཚོ་ནི་ཉིན་འཁྱོལ་ཡང་མཚན་མི་འཁྱོལ་བའི་ཁྱིམ་སྒོ་སྲུང་མཁན་གྱི་ཁྱི་རྒན་ཞིག་དང་ཅིས་མི་མཚུངས། ཁོ་ཚོ་རེ་རེའི་སེམས་ལ་ཚད་མཐོ་བའི་དངངས་སྐྲག་ཡོད་པ་དེ་ནི་དུར་སར་འགྲོ་རན་པའི་རྟགས་དང་འདྲ་པོ་འདུག མི་དེ་ཚོས་སྐྱེས་སྐར་བཏང་བ་འདྲ་པོ་མི་འདུག མི་དེ་ཚོས་མྱ་ངན་ཞུ་བཞིན་པ་འདྲ་པོ་འདུག། དེ་ལྟར་སྐྱི་གཡའ་བའི་དུས་དྲན་མཛད་སྒོ་ད་དུང་ཐེངས་ག་ཚོད་འཚོག་སྲིད་དམ།།