མི་ལོ་དྲུག་ཅུའི་ཚེ་སྲོག་འགོ་བཙུགས་སོང༌།
རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་མི་ལོ་༦༠ རྗེས་བསམ་ཡུལ་ལས་འདས་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅིང། དཔྱད་ཞིབ་ཡག་པོ་གནང་ན་རྒྱ་ནག་པེ་ཅིང་གི་གྲུབ་འབྲས་ནི་སེམས་སུ་བག་ཆགས་གཏིང་ཟབ་འཇོག་མཁན་ཞིག་ཏུ་གྱུར་ཡོད། ལོ་རྒན་དྲུག་ཅུ་འདིའི་ཕྱེད་ཙམ་གྱི་རིང་ལ་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དང༌། གཞུང་གི་འགན་ཁུར། འཛམ་གླིང་རྒྱལ་ཁབ་མང་པོ་དང་ལྷན་དུ་ལས་དོན་ཁག་འགོ་འཛུགས་མ་བྱས་པར་ལམ་ཕྱོགས་ཅིག་གི་སྟེང་དུ་དཀྱོག་ནས་ཕྱིན་ཡོད་པ་རེད། དེང་སྐབས་རྒྱ་ནག་འཛམ་གླིང་ནང་དཔལ་འབྱོར་སྟོབས་ལྡན་ཅན་ཨང་གསུམ་པ་ཆགས་པ་དེ། མི་ལོ་༣༠ ཡར་སྔོན་དུ་མི་སུ་གང་གིས་བསམ་བློའི་ནང་འཁོར་མྱོང་མེད། ད་དུང་པེ་ཅིང་གཞུང་དང་ཐཱེ་པེ་གཞུང་གཉིས་ཀས་དུས་ཡུན་རིང་པོའི་དགྲ་འཛིན་གྱི་འཁོན་སེམས་དོར་ནས། ཚོང་དོན་ལས་གཞིའི་ནང་མཉམ་མཐུན་གྱིས་མདུན་བསྐྱོད་བྱེད་པའི་རེ་བ་འཛིན་གྱི་ཡོད་ལ། དེ་བཞིན་སྔོན་དུས་སུ་མི་སུ་གང་གིས་བརྗོད་མྱོང་མེད་པ་གཅིག་ནི། རྒྱ་ནག་གི་དཔོན་རིགས་ཚོ་འཛམ་གླིང་གི་རྒྱལ་ཁབ་གང་ལ་འགྲུལ་བཞུད་བྱས་རུང། རྒྱས་སྤྲོས་ཆེན་པོའི་ཐོག་ནས་དགའ་བསུ་ཞུ་བཞིན་ཡོད་པ་དེ་རེད། རྒྱུ་མཚན་ནི། རྒྱ་ནག་གི་དཔོན་རིགས་དེ་དག་རྒྱལ་ཁབ་གང་དུ་འབྱོར་བ་དང་ཚོང་ལས་ཀྱི་མ་རྩ་དང༌། ཚོང་དོན། རོགས་རམ་སོགས་ཁྱེར་ཡོང་གི་ཡོད། གཅིག་བྱས་ན་ནམ་ཞིག་ཉེན་ཁ་ཆེ་བའི་དཔལ་འབྱོར་གྱི་དཀའ་སྡུག་འོག་ནས་སྐྱོབ་རོགས་ཡང་ཆགས་རྒྱུ་རེད།
རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་ལོ་༦༠ སྐྱེས་སྐར་འདི་ནི་འགག་རྩའི་དུས་ལ་སླེབས་ཡོད་ཅིང༌། རྒྱ་ནག་གི་དཔོན་པོ་ཏིང་ཞའོ་ཕིང་གིས། རང་དབང་ཅན་གྱི་ཁྲོམ་རའི་དཔལ་འབྱོར་“བསྒྱུར་བཅོས་”ཀྱི་སྲོལ་བཏོད་པ་ནས་བཟུང༌། སྐྱེས་སྐར་འདིའི་ལོ་གྲངས་ཕྱེད་ཀ་ཏག་ཏག་སྟེ། མི་ལོ་༣༠ རིང་རང་དབང་ཅན་གྱི་ཁྲོམ་རའི་དཔལ་འབྱོར་བསྒྱུར་བཅོས་ཀྱི་ཕྱོགས་སུ་ངར་ཤུགས་ཆེན་པོ་དང་ཐལ་ཆ་ཆེན་པོའི་ངང་ནས་མདུན་བསྐྱོད་བྱས་ཡོད་ཅིང༌། མི་ལོ་༣༠ རྗེས་སུ་ཏིང་ཞའོ་ཕིང་གིས་“བསྒྱུར་བཅོས་དང་རྒྱ་བསྐྱེད”ཅེས་འབོད་པའི་རྒྱ་ནག་འགྱུར་ལྡོག་གི་དུས་རབས་གསར་པ་ཞིག་ལ་ཁ་ཕྱོགས་པ་རེད། བསྒྱུར་བཅོས་དང་རྒྱ་བསྐྱེད་འདིས་རྒྱ་ནག་གི་གནས་བབས་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཞིག་ཐེབས་ཡོད་པ་ནི། དབུལ་ཕྱུག་དབར་ཧེ་བག་ཆེན་པོ་ཤོར་བ་དང༌། ཁོར་ཡུག་འབག་བཙོག་ཆགས་པ། ལྐོག་ཟ་རུལ་སུངས་ཐོན་པ། འཛམ་གླིང་རྒྱལ་སྤྱིའི་ཚོང་ལས་མཐུན་ཚོགས་དང་འབྲེལ་ནས་ཚོང་ལས་སྲིད་ཇུས་ལ་ཞིབ་དཔྱོད་བྱེད་དགོས་པ་སོགས། རྒྱ་ནག་ལ་མིང་ཆད་ངན་པ་དང་ཁ་གཏད་གཅོག་དགོས་པ་མང་པོ་ཆགས་ཡོད་པ་རེད། འདས་པའི་ལོ་ཟླའི་ནང་གསར་འགོད་པ་ཚོས་རྒྱ་ནག་གི་ཆབ་སྲིད་ཀྱི་ཚོར་ཤུགས་དེ་ལ་མིང་འདོགས་ཤིག་བཏགས་ཡོད་པ་ནི་ཊིས་གསུམ་(Three Ts)ཟེར་བ་འདི་ཡིན་ཞིང༌། (བསྒྱུར་མཆན། འདིའི་དོན་ནི་རྒྱ་ནག་ལ་དཀའ་ངལ་འཕྲད་བཞིན་པའི་ཆབ་སྲིད་ཀྱི་གནད་དོན་གསུམ་གྱི་མིང་གི་སྔོན་དུ་དབྱིན་ཡིག་ཊིས་གསུམ་ཡོད་པའི་དོན་ཡིན།) དེ་ཡང་བོད་དང། ཐེ་ཝན། གནམ་བདེ་སྒོ་མོ། (Tibet Taiwan Tiananmen) བཅས་གསུམ་ཡིན། མི་ལོ་བཅུ་ཕྲག་གཅིག་གི་སྔོན་དུ་ཊིས་གསུམ་གྱི་སྟེང་དུ་དབྱིན་ཡིག་ཨེ་ཧྥི་ (F) ཁ་སྣོན་བརྒྱབ་ཡོད་ཅིང༌། འདིའི་དོན་ནི་རྒྱ་ནག་གིས་དད་འདུན་བཀག་བསྡོམས་བྱས་པའི་ཧྥ་ལུང་ཀོང་(Falungong)ཆོས་ལུགས་ཀྱི་དོན་ཡིན་ལ། དེང་སྐབས་ཧྥ་ལུང་ཀོང་ཆོས་ལུགས་འདི་ནི་སྤྱི་ཚོགས་སུ་མངོན་གསལ་དོད་པོའི་ཐོག་ནས་མཐོང་དཀོན་པ་དང༌། རྒྱ་རིགས་ན་གཞོན་མང་པོ་ཞིག་གི་མི་ལོ་༢༠ ཡར་སྔོན་དུ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གང་བྱུང་ཡོད་མེད་ཅུང་ཟད་ཙམ་ལས་ཤེས་རྟོགས་མེད་པ་དང༌། བོད་དེ་རྒྱ་ནག་ལ་ཆབ་སྲིད་ཀྱི་དཀའ་རྙོག་འབྱུང་ཁུངས་ཤིག་ཡིན་རུང༌། དེང་སྐབས་བོད་དང་ཆབ་སྲིད་ཀྱི་རྩོད་གཞི་ཡོད་པའི་རིགས་རྣམས། རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་གསར་པ་འདིས་རྒྱང་རིང་དུ་ཟུར་འཇོག་བྱེད་ཀྱི་ཡོད་པ་དང། དེ་བཞིན་ཐེ་ཝན་ནི་ལུང་པ་མང་པོ་ཞིག་གིས་སྙན་གྲགས་ཅན་གྱི་རོལ་དབྱངས་དང། ཡུལ་སྐོར་སྤྲོ་འཆམ་པ། ཚོང་ལས་ཀྱི་མ་རྩ་འཇོག་ཡུལ་དུ་མཐོང་གི་ཡོད་པས། མི་ལོ་༦༠ ཡར་སྔོན་དུ་མའོ་ཙེ་ཏུང་གིས་ཐེ་ཝན་དགྲ་ལ་བཟུང་ནས་ཁ་གཏད་གཅོག་པའི་དུས་ཡུན་དེའང་རིང་པོ་གནས་མི་ཐུབ་པའི་ཚད་ལ་སླེབས་ཡོད།
རྒྱ་ནག་གཞུང་གིས་དངོས་ཡོད་ཀྱི་ཁ་གཏད་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་སྟེ། ཇི་ལྟར་བྱས་ནས་གསར་སྐྲུན་རྒྱུན་སྐྱོང་ཐུབ་ཐབས་དང། རྒྱ་ནག་ཧན་མི་རིགས་ཀྱི་རང་ལྟ་མཆོག་འཛིན་གྱི་ལམ་ལུགས་དེ་ཚུལ་ཇི་ལྟར་སྟངས་འཛིན་བྱེད་དགོས་མིན། ཚན་རིག་པ་དང་བཟོ་ལས་པ་སོགས་དངོས་པོ་ཐོན་སྐྱེད་ཀྱི་ནུས་ཤུགས་ལ་སྤུངས་ཐབས་བཅས་ཡིན་ཞིང། རྒྱ་ནག་ལ་ད་དུང་ཡང་འཕྲུལ་ལས་ཡར་ཐོན་གྱི་སྡིངས་ཆའི་སྟེང་དུ་སླེབས་མེད་པའི་ཚོར་སྣང་སྐྱེ་ཡི་ཡོད་ལ། རྒྱ་ནག་ལ་འཕྲད་བཞིན་པའི་དཀའ་ངལ་གཅིག་ནི་ཤེས་ཡོན་སྲིད་ཇུས་ཀྱི་ལམ་ཕྱོགས་དེ་ཡིན་པ་དང། འདིའི་ནང་ཆེད་དུ་བཀོད་མངགས་བྱས་པའི་སྔོན་ལུགས་ལྟར་སྦྱངས་དགོས་པ་དང༌། སྦྱང་སྲོལ་ཚད་གཞི་ཡོད་པའི་ཐོག་ནས་འགྲོ་དགོས་པ། བླ་དཔོན་དང་རྒྱལ་པོའི་ལམ་ལུགས་ལྟ་བུའི་བསམ་བློ་འཛིན་གྱི་ཡོད། ད་དུང་གཞུང་དང་གཙུག་ལག་སློབ་གྲྭ། བཟོ་གྲྭ། གྲོང་ཁྱེར་བཅས་ཀྱི་དབར་མཉམ་རུབ་ཀྱི་ལས་དོན་སྒྲུབ་པའི་ཚད་གཞི་འདང་ངེས་མེད་པ་བཅས་ཡིན། མི་ལོ་༡༥ མ་ཟིན་ཙམ་གྱི་རིང་རྒྱ་ནག་དབུས་གཞུང་གིས་གྲངས་<༨༦༣>འབོད་པའི་ལས་འཆར་ཞིག་འགྲོ་ཡི་ཡོད་པ་དང༌། འདིའི་དོན་དུ་སྔོན་ཚོད་ནས་མ་རྩ་འཇོག་རྒྱུའི་གྲ་སྒྲིག་དང། ཡར་རྒྱས་གཏོང་རྒྱུར་འབད་བརྩོན། ད་དུང་ཅ་དངོས་ཉོས་པ་དང་གཡར་བ། དེང་རབས་ཀྱི་འཕྲུལ་ལས་བརྐུས་པ་སོགས་ལ་གཞུང་གི་ཆབ་སྲིད་ཀྱི་རྒྱབ་སྐྱོར་རག་ཐབས་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་འདི་དང་མཉམ་དུ་དགོད་བྲོ་བའི་རྐྱེན་མང་པོ་ཞིག་ཡོང་གི་ཡོད་པ་ནི། པེ་ཅིང་གཞུང་གི་ལས་འཆར་འདིའི་དོན་དུ་རྒྱ་རིགས་སློབ་མ་དང་བཟོ་ལས་པ་མང་པོ་ཞིག་ཕྱི་རྒྱལ་ཁག་ལ་སློབ་སྦྱོང་དུ་བཏང་ཡོད་པ་རྣམས་ཕྱིར་འཁོར་དུས། བསམ་བློའི་ཁ་ཕྱོགས་ཡོངས་རྫོགས་གསར་པ་འཁྱེར་ནས་ཡོང་གི་ཡོད་པས། གལ་སྲིད་རྒྱ་ནག་གི་གཙུག་ལག་སློབ་གྲྭའི་རིགས་ཀྱི་ལམ་ལུགས་ཧ་ཅང་ཆེན་པོ་ཡིན་ན་ཆ་ཚང་བ་བསྒྱུར་བཅོས་གཏོང་ཐུབ་ཀྱི་ཡོད་པ་མ་རེད། རྒྱ་རིགས་སློབ་མ་ཕྱི་རྒྱལ་ནས་ཕྱིར་ལོག་མཁན་ཚོ་བཀུག་ཐབས་སུ་ཚོད་ལྟ་ཁང་དང༌། ཡང་ན་ཕྱི་རྒྱལ་གྱི་ལམ་ལུགས་ཁག་ལ་སྦྱོང་བརྡར་བྱེད་འདོད་མཁན་རྣམས་ལ་སྦྱོང་བརྡར་སྤྲོད་སའི་མཐུན་རྐྱེན་ཞིག་མཁོ་སྤྲོད་བྱས་ཡོད་པ་རེད།
མ་འོངས་པའི་རྒྱ་ནག་གི་གསར་གཏོད་དང་ཐབས་ལམ་འཚོལ་སྒྲུབ་དེ་ཕྱི་རྒྱལ་ཁག་ནས་ཚུར་ལོག་མཁན་རྣམས་ཀྱི་སྲི་ཞུ་ལ་རག་ལས་ཀྱི་ཡོད་པ་དང༌། སྤྱིར་ཁོ་ཚོར་རྒྱ་མཚོའི་ནང་གི་རུས་སྦལ་ཞེས་འབོད་ཀྱི་ཡོད་པ་རེད། རྒྱ་མཚོའི་ནང་གི་རུས་སྦལ་སྟོང་ཕྲག་མང་པོས་རྒྱ་ནག་དབུས་ཀྱི་ཚོད་ལྟ་ཁང་དང། གཙུག་ལག་སློབ་གྲྭ། བཟོ་གྲྭ། ཉམས་ཞིབ་ཁང༌། ཡར་རྒྱས་ལས་གཞི་བཅས་ཀྱི་ལས་དོན་སྒྲུབ་ཀྱི་ཡོད་པ་དང༌། རྒྱ་མཚོའི་ནང་གི་རུས་སྦལ་དེ་ཚོ་ནས་རྒྱ་ནག་གཞུང་གི་ཚན་རིག་དང་འཕྲུལ་ལས། འཕྲོད་བསྟེན་བཅས་ཀྱི་བློན་ཆེན་གཉིས་བྱུང་ཡོད་པ་རེད།
ཁོ་བོ་ནི་རྒྱ་ནག་ག་འདྲ་ཆགས་མིན་དང༌། ཡང་ན་པེ་ཅིང་གཞུང་ངོས་ནས་གདོང་ལེན་གྱིས་རྒྱ་ནག་ཧན་མི་རིགས་ཀྱི་རང་ལྟ་མཆོག་ཏུ་འཛིན་པའི་ལམ་ལུགས་དེ་སེལ་ཐུབ་མིན་ཐད། ཕྱོགས་གཉིས་ཀར་སྤྱི་སྙོམས་ཐོག་ནས་རེ་བཟང་ཕུགས་བཅོལ་བ་ཞིག་མིན་ལ། དེང་སྐབས་རྒྱ་ནག་གི་གནས་སྟངས་ལྟར་བྱས་ན་འཛམ་གླིང་ནང་གདེང་ཚོད་ཡོད་པའི་ཐོག་ནས་ཡར་རྒྱས་ཕྱིན་པ་རེད་ལ། གདེང་ཚོད་དང་སྤོབས་སེམས་དེ་རྒྱ་ནག་རང་ཉིད་ཀྱི་རྒྱལ་ཁབ་གཅིག་པུ་མིན་པར། རྒྱ་མི་རིགས་ལའང་རང་ལྟ་མཆོག་ཏུ་འཛིན་པའི་སྤོབས་པ་སྐྱེ་ཡི་ཡོད་པས། འདི་འདྲའི་མཆོག་འཛིན་དང་སྤོབས་པའི་འབྲས་རྟགས་སུ་རྒྱ་ནག་ལ“རྒྱལ་གཅེས་རིང་ལུགས་”དང། ཡང་ན་“མི་རིགས་རིང་ལུགས་”ཞེས་འབོད་ཀྱི་ཡོད་པ་རེད། རང་ལུགས་མཆོག་འཛིན་དང་སྤོབས་པའི་བག་ཆགས་མཐུག་པོ་དེའི་འོག་ནས། མི་རིགས་གཞན་པ་ཚོར་མཐོང་ཆུང་བྱེད་ཀྱི་ཡོད་པའི་ཚོར་སྣང་ཡོང་གི་ཡོད་པས། མི་རིགས་ཀྱི་འཁོན་འཛིན་དེ་རང་བཞིན་གྱིས་ཡོང་གི་ཡོད་པ་རེད། ལོ་སྔོན་མ་བོད་ནང་གི་གྱེན་ལངས་དང་དེ་བཞིན་ཤིན་ཅང་གི་གྱེན་ལངས་བཅས་རེད། རྒྱ་ནག་གི་མི་སེར་དཀྱུས་མ་ཚོས་བོད་དང་ཤིན་ཅང་གི་གྱེན་ལངས་པ་ཚོར། མཐའ་མཇུག་ཏུ་དབུས་གཞུང་གིས་དྲག་གནོན་བྱས་པར་རྒྱབ་སྐྱོར་དང༌། ཕྱིའི་རྒྱལ་ཁབ་ཁག་ནས་རྒྱ་ནག་དབུས་གཞུང་ལ་སྐྱོན་འཛུགས་བྱས་པར། སྡང་ཟུག་ཆེན་པོའི་ཐོག་ནས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། དམངས་ཁྲོད་དུ་ལྷིང་འཇགས་མེད་པ་དེ་ནི། རྒྱ་ནག་དབུས་གཞུང་ནས་གཞུང་གི་ཆབ་སྲིད་ལམ་ལུགས་ལ་རྒྱ་ནག་ཧན་མི་རིགས་ཀྱི་རྒྱབ་སྐྱོར་ཐོབ་ཆེད་དུ། ཧན་མི་རིགས་གཅིག་སྒྲིལ་གྱི་ནུས་ཤུགས་སྤེལ་ཐབས་བྱེད་ཀྱི་ཡོད་པ་རེད། དེང་སྐབས་ང་ཚོས་མཐོང་ཐུབ་པ་ཞིག་ལ་ཐབས་ལམ་དེ་ནི་རང་མགོར་ཆུ་འདྲེན་ཆགས་ཡོད་ཅིང༌། དེ་ཡང་ཉེ་དུས་ཤིན་ཅང་ས་ཁུལ་དུ་ཡོད་པའི་ཧན་མི་རིགས་ཚོས། ཡུ་གུར་གྲངས་ཉུང་མི་རིགས་ཀྱིས་ཆུ་མདའ་སོགས་བེད་སྤྱད་ནས་རྒྱ་ནག་ཧན་མི་རིགས་ལ་འཐབ་འཛིང་བྱས་བྱུང་བས། ས་གནས་སྲིད་གཞུང་གིས་ངེས་པར་དུ་ཡུ་གུར་གྲངས་ཉུང་མི་རིགས་ལ་རྒོལ་རྡུང་གཏོང་དགོས་ཀྱི་ཡོད་ཅེས། ཁྲོམ་གཞུང་ཁག་ཏུ་ས་གནས་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་དགོས་འདུན་བཏོན་ཡོད་པ་རེད། དབུས་གཞུང་གིས་རྒྱ་ནག་ཧན་མི་རིགས་ལ་དྲག་གནོན་བྱེད་པ་ལས། བོད་དང་ཡུ་གུར་གྲངས་ཉུང་མི་རིགས་ལ་དྲག་གནོན་བྱེད་པ་དེ་གཞུང་ལ་ཉེན་ཁ་ཆུང་བ་མཐོང་གི་ཡོད་པ་རེད།
པེ་ཅིང་གཞུང་གིས་རྒྱ་རིགས་ལ་རང་ལྟ་མཆོག་འཛིན་གྱི་འབྲེལ་མཐུད་དང། ཡང་ན་མི་རིགས་རིང་ལུགས་ཀྱི་བསམ་བློ་དེས། རྒྱལ་ཁབ་ལ་གྲུབ་འབྲས་དགའ་འོས་པ་ཞིག་ཐོབ་ཡོད་མེད་ལ་ཚོད་ལྟ་བྱེད་དགོས་པ་དང༌། གཞུང་གིས་བློ་གྲོས་བེད་སྤྱད་དེ་ཕུགས་རྒྱང་རིང་པོའི་ཐོག་ནས། གྲངས་ཉུང་མི་རིགས་ཁག་ལ་དབྱེ་འབྱེད་མེད་པའི་རྒྱ་ནག་རྒྱལ་ཁབ་ཀྱི་སྤོབས་པ་དེ་སྦྱིན་དགོས་པ་དང། འཛམ་གླིང་རྒྱལ་སྤྱིའི་ཚོགས་པ་ཁག་ལ་དངངས་སྐྲག་སྐྱེ་མི་དགོས་ལ། ཚོགས་པ་དེ་དག་གིས་རྒྱ་ནག་ལ་སྟོབས་འབྱོར་ཡོད་པ་བཞིན་དུ་འགན་ཡང་ཁུར་ནས། འཛམ་གླིང་འདིའི་ཐོག་ནུས་ལྡན་རྒྱལ་ཁབ་ཅིག་ཏུ་མཐོང་ཐུབ་རྒྱུའི་རེ་བ་བཅངས་བཞིན་ཡོད་པ་རེད།།
ལི་ཐང་འཇམ་བཟོད་ཀྱིས་བོད་བསྒྱུར་བྱས།