རྒྱ་ཡིག་ཏུ་བསྒྱུར་བའི་བོད་ཡིག་བརྩམས་སྒྲུང་ཐོག་མ།
ཉེ་བའི་ཆར་བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་དང་། ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག་བོད་ཡིག་གི་བརྩམས་སྒྲུང་ཐོག་མ་སྟེ་《གཙུག་གཡུ》རྒྱ་ཡིག་ཏུ་བསྒྱུར་བའི་པར་གཞིའི་སྐོར་གྱི་དཔྱད་གླེང་ཚོགས་འདུ་ཞིག་ལྷ་སར་འཚོགས་ཡོད་འདུག་པ་དང། དེར་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་ཀྱི་རྩོམ་པ་པོ་སྐད་གྲགས་ཅན་དང། རྩོམ་རིག་དཔྱད་བརྗོད་པ་༣༠ ལྷག་ཚོགས་འདུར་ཞུགས་ཡོད་འདུག
ཕྱི་ལོ་༡༩༩༠ ནང་དུ་རྩོམ་པ་པོ་སྐད་གྲགས་ཅན་ཚེ་རྡོ་ལགས་ཀྱིས་《གཙུག་གཡུ》ཐོག་མར་རྒྱ་ཡིག་ཏུ་བསྒྱུར་ཞིང། ༢༠༠༧ ལོར་ནོར་བུ་ཚེ་རིང་ལགས་ཀྱིས་རྨང་གཞི་དེའི་སྟེང་ཡང་བསྐྱར་བསྒྱུར་བ་ད་སྐབས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་བྱས་ཡོད་འདུག
《གཙུག་གཡུ》ནི་ཕྱི་ལོ་༡༩༨༠ ནས་༡༩༨༣ བར་དཔལ་འབྱོར་ལགས་ཀྱིས་བརྩམས་པའི་སྒྲུང་རྩོམ་རིང་མོ་ཞིག་ཡིན་ཞིང་། བོད་ཀྱི་བརྩམས་སྒྲུང་ཐོག་མར་བརྩི་བ་དང་། དེའི་ནང་དོན་གཙོ་བོ་ནི་སྤྱི་ཚོགས་རྙིང་པའི་དུས་སུ་བོད་ཀྱི་གྲོང་ཁྱེར་ལྷ་སའི་སྤྱི་ཚོགས་ཀྱི་འཚོ་བ་དང། གནས་བབ་མི་འདྲ་བ། མི་རྣམས་ཕན་ཚུན་དབར་གྱི་འབྲེལ་བ། བསམ་བློའི་འདུ་ཤེས་འཛིན་སྟངས་སོགས་མཐོ་དཔོན་རིགས་ནས་དམའ་མི་སེར་དཀྱུས་མ་དང་བྲན་གཡོག་སོགས་ཀྱི་འཚོ་བ་དང་མི་ཚེར་འཛིན་པའི་ལྟ་བ་བཀོད་ཡོད་འདུག བརྩམས་སྒྲུང་དེའི་རྗོད་བྱེད་ཚིག་ཁ་གསལ་ལ་གོ་བདེ་བ་དང། རྩོམ་གྱི་དགོས་མཁོར་གཞིགས་ཏེ་དབུས་གཙང་ཁུལ་གྱི་གྲོང་ཚིག་འགའ་སྤྱད་པས་དུས་དང་ཡུལ་གྱི་ཁྱད་ཆོས་ཟབ་མོ་ལྡན་ལ་སྒྲུང་གཏམ་ཡོངས་འཚོ་བའི་གསོན་ཤུགས་དང་ལྡན་པ་ཞིག་ཡིན་པ་རེད།།
བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལས་བཏུས།