ལྷ་སའི་ཚོང་ཁང་ཆེན་པོ་ཁག་རྒྱ་མིས་བཟུང་འདུག
སྐབས་དེར་འཐུས་མི་དེ་དག་གིས་ལྷ་སའི་ཚོང་ཁང་ཆེན་པོ་དང་ཁང་པ་གསར་པ། འགྲིམས་འགྲུལ་གྱི་ལྟེ་གནས་ཁག་ཡོངས་རྫོགས་རྒྱ་མིས་བཟུང་འདུག་ལ། དེ་བཞིན་ལྷ་སའི་སྲང་ལམ་ཁག་ཏུ་ཉེན་རྟོག་པ་རྣམས་མཐོང་བ་ཙམ་གྱིས་མི་ལ་འཇིགས་སྣང་སྐྱེས་པ་ལས། ལུང་པ་གཞན་པ་ལྟར་ཉེན་རྟོག་པ་མཐོང་བ་དང་བདེ་འཇགས་སྲུང་སྐྱོབ་བྱེད་མཁན་རེད་སྙམ་པའི་བསམ་བློ་འཁོར་ཐུབ་ཀྱི་མི་འདུག་ཅེས་བརྗོད་སོང༌།
དེ་ཡང་ཡུ་རོབ་མཉམ་འབྲེལ་གྱི་འཐུས་མིས་གསལ་འགོད་གསལ་བསྒྲགས་སྐབས་སུ། “ང་ཚོ་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་སུ་གཏོགས་པའི་སྤྱི་ཚོགས་དང་དཔལ་འབྱོར་ལས་དོན་ལྷན་ཚོགས་ཀྱི་འཐུས་མི་ཡྀན་པས། འཛམ་གླིང་གི་རྒྱལ་ཁབ་གང་སར་ང་ཚོའི་ལས་དོན་འབྲེལ་ཡོད་ཐོག་ནས་མཉམ་འབྲེལ་གྱི་ལས་ཀའི་ཐད་ལ་ཐེ་གཏོགས་བྱེད་དགོས་པ་ལས། ཆབ་སྲིད་ཀྱི་ལས་དོན་ཐད་ལ་ང་ཚོར་ཐེ་གཏོགས་བྱེད་པའི་དབང་ཆ་དེ་ཡོད་མ་རེད། ཟླ་བ་སྔོན་མར་རྒྱ་ནག་གི་སྤྱི་ཚོགས་དང་དཔལ་འབྱོར་ལས་དོན་ལྷན་ཚོགས་ཀྱི་སྐུ་ཞབས་ཝན་གྷ་ལགས་ཀྱིས། བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་རྣམས་རྒྱང་རིང་ནས་ཐོས་པ་ཙམ་མིན་པར། འཐུས་མི་དངོས་སུ་ཕེབས་ནས་གང་ཡོད་པ་མིག་གིས་གཟིགས་དགོས་པ་དང༌། མི་མང་གིས་གང་བཤད་པ་རྣ་བས་ཐོས་དགོས་པའི་བཀོད་མངགས་བྱས་པ་ལྟར། ཉིན་གྲགས་༤ རིང་ལྷ་སར་དངོས་སུ་རྟོག་ཞིབ་བྱེད་དུ་སོང་བ་ཡིན། སྤྱིར་ལྷ་ས་བོད་ཀྱི་རྒྱལ་ས་ཡིན་པ་ལས་བོད་མི་བརྒྱ་ཆ་༨༠ ལྷག་ཙམ་ཞྀང་འབྲོག་ས་ཁུལ་དུ་ཡོད་པ་རེད། འོན་ཀྱང༌། བོད་ཀྱི་རྒྱལ་ས་དང་བོད་ཀྱི་ས་ཁུལ་གཅིག་ལ་འགྲོ་ཐུབ་པ་དེའང་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་རེད་བསམ་གྱི་ཡོད། ལྷ་སར་གསར་འགོད་ལྷན་ཚོགས་ཤིག་གི་སྐབས་སུ། ང་ཚོས་ལྷ་ས་ནས་རྒྱ་ནག་སྐམ་ས་ཆེན་པོའི་བར་དང། དེ་བཞིན་ཕྱི་རྒྱལ་ཁག་ལ་ཚོང་ལས་ཀྱི་མ་རྩ་འཇོག་པ། འཛུགས་སྐྲུན་སྣ་ཚོགས་བྱེད་ཐུབ་པ་དེ་ཚོ་ཡག་པོ་ཞེ་དྲག་རེད། ཡིན་ནའང། ཚོང་ལས་དེ་དང་འབྲེལ་ནས་བོད་མི་ཚོར་ཁེ་ཕན་ག་རེ་ཡོང་ཐུབ་མིན་དེ་གལ་འགངས་ཆེ་ཤོས་ཆགས་ཀྱི་ཡོད་རེད། དམིགས་བསལ་གྱི་བོད་ཕྲུག་ཚོའི་སློབ་སྦྱོང་གི་སྐོར་དང༌། སྤྱི་ཚོགས་ཀྱི་གནས་བབས། རིག་གཞུང་བཅས་ཀྱི་ཐད་ལ་རེད། བོད་ཀྱི་སྐད་ཡིག་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པས་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་པ་རེད། དེ་བཞིན་ལྷ་སའི་ཁྲོམ་གཞུང་གི་ཁང་པ་རྙིང་པ་མང་ཆེ་བ་བོད་མི་ཚོས་འཛིན་བཞིན་ཡོད་པ་དང༌། ཚོང་ཁང་ཆེན་པོ་དང་ཁང་པ་གསར་པ། ཚོང་གི་ཡོང་སྒོ་ཆེ་ཤོས་འགྲིམ་འགྲུལ་གྱི་ལྟེ་གནས་ཁག་ཡོངས་རྫོགས་ནས་རྒྱ་རིགས་ཀྱི་གདོང་མ་གཏོགས་མཐོང་རྒྱུ་མི་འདུག ང་ཚོ་སྤྱི་ཚོགས་དང་དཔལ་འབྱོར་ལས་དོན་གྱི་ཐད་ལ་འབྲེལ་བ་ཡོད་པས་ས་གནས་དེ་གའི་རྒྱ་ནག་གི་དཔོན་རིགས་ཚོར་ཆ་ཚང་བཤད་ཡོད་ལ། ཉིན་གྲངས་༤ རིང་ལ་རྒྱ་ནག་ཁོ་རང་ཚོས་བརྗོད་པ་བཞིན། བོད་ཀྱི་གནས་སྟངས་ཐོག་དངོས་ཡོད་གནས་ཚུལ་གང་མཐོང་བ་ཆ་ཚང་བཤད་ཡོད། དེ་རིང་འདིར་དྷ་སར་ཉིན་གཉིས་བསྡད་པའི་རིང་ལ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ལྷན་རྒྱས་དང། ྋགོང་ས་མཆོག་ལ་མཇལ་འཕྲད་ཞུས་པ་ཡིན། དེ་བཞིན་བོད་ཕྲུག་ཁྱིམ་སྡེ་ཁག་ལ་རྟོག་ཞིབ་བྱེད་པའི་སྐབས། ཕྲུ་གུ་དེ་དག་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་སློབ་གསོའི་འོག་ནས་གནས་ཡོད་པ་མཐོང་བྱུང་བས། རྒྱ་ནག་གིས་བཤད་པའི་འཇིགས་སྐུལ་རིང་ལུགས་པ་ཟེར་བ་ནི། ངས་འདིར་ས་ཕྱོགས་གང་ལའང་མཐོང་མ་བྱུང༌། བོད་ནང་ནས་བོད་ཕྲུག་མང་པོས་རང་གི་ཕ་ཡུལ་བཞག་ནས་འདིར་སྐྱབས་བཅོལ་ལ་སློབ་སྦྱོང་སོགས་ཀྱི་ཆེད་དུ་ཡོང་བསྡད་པ་དེ། རྒྱ་ནག་གཞུང་གིས་གང་ནས་འགྲིག་མེད་པ་དང་ནོར་འཁྲུལ་ཞིག་ཤོར་བསྡད་ཡོད་པ་ཧ་ཅང་གསལ་པོ་རེད། གནད་དོན་དེ་དག་སེལ་ཆེད་དུ་ྋགོང་ས་མཆོག་གི་ལམ་དབུ་མ་ལམ་ཁ་ཡག་ཤོས་དེ་མཐོང་སོང༌། ང་རང་སྒེར་གྱི་ལུང་པ་འཇར་མིན་དང་པོ་ལིན་ཌི་གཉིས་དམག་ཆེན་གཉིས་པའི་རྗེས་ཀྱི་ས་མཚམས་འཐབ་རྩོད་དེ། དེང་སྐབས་ཕྱོགས་གཉིས་ཀྱི་མི་མང་རྣམས་ཧ་ཅང་འཆམ་མཐུན་ངང་སྡོད་ཐུབ་ཀྱི་ཡོད་རེད།
དེ་རིང་གི་གསར་འགོད་གསལ་བསྒྲགས་འདིའི་ཐོག་ངས་ཆབ་སྲིད་ཀྱི་གནད་དོན་དང་ས་ཁུལ་གྱི་རྩོད་རྙོག་ལ་གང་ཡང་བགྲོ་གླེང་བྱས་མེད་ལ། ངས་བཤད་དགོས་པ་དེ་ང་རང་གིས་དངོས་སུ་མཐོང་བའི་ལྷ་སའི་ནང་གི་སྤྱི་ཚོགས་ཀྱི་གནས་བབས་དང་དཔལ་འབྱོར་གྱི་སྐོར་རེད། དེ་བཞིན་མི་ལོ་༢༠ རིང་རྒྱ་ནག་གི་བཙོན་ཁང་ནང་མནར་གཅོད་འོག་སྡོད་མྱོང་ཡོད་པའི་གྲྭ་པ་ཞིག་ང་ལ་ཐུག་སོང། ཁོང་གིས། དེང་སྐབས་འཇིགས་སྣང་ཆེ་ཤོས་ནི་རྒྱ་ནག་ཕྱོགས་ནས་སྙིང་རྗེ་བྱེད་རྒྱུ་དེ་ཉིན་རེ་བཞིན་ཉུང་དུ་འགྲོ་བ་དང་བོར་བརླག་འགྲོ་བཞིན་ཡོད་པ་དེ་རེད་གསུང་གི་འདུག་པས། བོད་པའི་ཕྱོགས་ནས་རྒྱ་ནག་དགྲ་ཟླར་མི་འཛིན་པར་ངེས་པར་འཚེ་མེད་ཞི་བའི་ཐོག་ནས་འཐབ་རྩོད་བྱེད་དགོས་པ་དེ་གལ་ཆེན་མཐོང་གི་འདུག”ཅེས་སོགས་གསུངས་སོང༌།