ཁྲིམས་ཞིབ་པ་གཉིས་ཀྱི་དམ་འབུལ་ཞུས་པ།

00012333བགྲེས་ཡོལ་གྱི་བཀའ་ཁྲོལ་སྩལ་སྨིན་བྱུང་བའི་ཚབ་ཁྲིམས་ཞིབ་ཆེ་བ་གཅིག་དགོས་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་ནང་གསེས་དང་པོ་ནང་གསལ་ཆེས་མཐོའི་ཁྲིམས་ཞིབ་ཆེ་བ་དང༌། ཁྲིམས་ཞིབ་གཞན་གཉིས་བཅས་ཆེས་མཐོའི་ཁྲིམས་ཞིབ་པ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། བཀའ་བློན་ཁྲི་པ་བཅས་ནས་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་༧གོང་ས་༧སྐྱབས་མགོན་ཆེན་མཆོག་གིས་འོས་འཛུགས་གནང་བར་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་སུམ་ཆ་གཉིས་ཡན་གྱི་མོས་མཐུན་བྱུང་ན་དེ་ལ་༧གོང་ས་༧སྐྱབས་མགོན་ཆེན་པོས་རྒྱལ་ཁབ་དབུ་འཛིན་མཚན་ཐོག་ནས་བསྐོ་གཞག་མཛད་རྒྱུ་ཞེས་འཁོད་པའི་དགོངས་དོན་ལྟར་ཕྱི་ལོ་༢༠༠༩ ཕྱི་ཟླ་༡༠ ཚེས་༡༦ ཉིན་ཁྲིམས་ཞིབ་པ་ངག་དབང་འཕེལ་རྒྱས་མཆོག་ཁྲིམས་ཞིབ་གཞན་གྱི་ལས་གནས་ནས་ཁྲིམས་ཞིབ་པ་ཆེ་བའི་ལས་ཁུར་དངོས་སུ་བཞེས་པ་དང༌། དེ་བཞིན་བདེ་སྐྱིད་གླིང་ས་གནས་ཀྱི་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག་ནས་དབུ་ཁྲིམས་ཞིབ་པ་གཞན་གྱི་ལས་ཁུར་དངོས་སུ་བཞེས་པའི་དམ་བཅའ་གོང་ཚེས་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དྲུང་དུ་འབུལ་སྐབས་ྋགོང་ས་མཆོག་གིས་ཐུགས་དགྱེས་བརྩེའི་འཚམས་འདྲི་དང་འབྲེལ་ལེགས་དར་ཕྱག་སྲུང་བཀའ་དྲིན་སྩལ་ཡོད་པ་མ་ཟད། ལམ་སྟོན་བཀའ་སློབ་ཀྱང་བཀའ་དྲིན་བསྩལ་ཡོད་པ་རེད། དམ་འབུལ་མཛད་སྒོའི་ཐོག་བཀའ་ཁྲི་མཆོག་གིས་བཀའ་བློན་རྣམ་པ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་མཆོག་བཅས་ཕེབས་ཡོད་པ་དང༌། དམ་འབུལ་མཛད་སྒོ་གྲུབ་རྗེས་བཀའ་ཤག་གིས་རྟེན་འབྲེལ་མཚོན་ཆེད་གཞུང་འབྲེལ་མཛད་སྒོ་ཞིག་བཀའ་ཤག་ལས་ཁུངས་ཀྱི་ཡང་སྟེང་ཚོགས་ཁང་དུ་འཚོགས་ཡོད་པ་དང༌། ཉིན་དེ་ནས་བཟུང་དངོས་སུ་ཕྱག་ལས་དབུ་འཛུགས་གནང་ཡོད་པ་རེད།