ཞབས་སྟེགས་དེ་གཉིད་ཁོས་ས་མིན།

གཞན་ཡང་ང་ཚོ་ཁམས་པ་ལས་སླ་བོ་མེད་ཟེར་མཁན་གྲྭ་སྨྱོན་པ་དེས་དམ་བཅའ་དོར་མེད་ན་དམ་བཅའ་འདོར་མཁན་གྱི་མི་གཅིག་ཀྱང་འཇོག་རྒྱུ་དཀའ་བས་དམ་བཅའ་ཞེས་པ་དེ་རྟག་པར་ངོས་འཛིན་བྱེད་རྒྱུ་ཡིན་ནམ། ད་དུང་ཧམ་པ་ཆེན་པོའི་ངང་ནས་ངས་ཚིག་ངན་པ་བཤད་མེད་ཟེར་དུམ་བུ་ཁ་འཐོར་དུ་བཏང་བའི་ཚིག་དེ་ངན་པ་རེད། རང་གིས་བཤད་པའི་ཚིག་གི་བཟང་ངན་ཙམ་ཡང་ངོས་མི་ཟིན་པས་སྤྱི་ཚོགས་ལ་ཕན་པ་ལས་གནོད་པ་བསྒྲུབས་པའི་གང་ཟག་ཁྱོད་དང་ཁྱོད་འདྲ་བ་གཅིག་ཡོད་ནའང་མང་དྲག་པ་རེད། བདག་གི་གོ་སྐབས་འདི་བརྒྱུད་ནས་ཞུས་དགོས་པ་ཞིག་ལ། གྲྭ་རྒན་དག་སྤྱི་མཐུས་ལ་མི་ཡོང་བའི་སྨོན་ལམ་རྒྱག་གི་ཡོད། གང་ཡིན་ཟེར་ན། འཇིག་རྟེན་བོད་ཀྱི་ཁ་དཔེ་ལ་བུད་མེད་ཀྱི་ཐལ་བ་བླུག་ས་དང༌། སྐྱེས་པས་གཡག་བཤའ་སར་གྲྭ་རྒན་ཡོང་དགོས་དོན་མེད་ཟེར་བའི་གཏམ་དེ་བདེན་པ་རེད་བསམ་གྱི་ཡོད། གཞན་བོད་ཀྱི་མཁས་དབང་འཇམ་དབྱངས་ནོར་བུས་གཙོས་སྤྱི་ཚོགས་ནང་ཉམས་མྱོང་ཡོད་པའི་དཔྱོད་ལྡན་རྩོམ་པ་པོ་རྣམས་ཀྱིས་གཟིགས་དང༌། སྤྱི་འཐུས་ཀྱི་མིང་ཙམ་འཛིན་པའི་གྲ་རྒན་ཚོ་སྤྱི་འཐུས་ཀྱི་འོས་ནང་དུ་མི་བླུགས་པའི་རེ་སྐུལ་བྱེད་ཀྱིན་ཡོད། བཀུར་འོས་པའི་སྐུ་ངོ་རྣམས་ཀྱིས་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཐོག་ལ་གྲོས་མོལ་གནང་ཚེ་གྲྭ་རྒན་རྣམས་ལ་ཚོར་བ་སྤུ་རྩེ་ཙམ་མེད་པར་རྐུབ་སྟེགས་སྟེང་དུ་གཉིད་ཡུར་ནས་སྡོད་འདུག ཡང་གཅིག་བཤད་ན་འགྲིག་དང་མི་འགྲིག་གི་འདོད་པ་རེ་བྱུང་ཚེ་གྲྭ་རྒན་དག་གིས་འགོ་བཟུང་ནས་རྙོག་འཛིང་ཆེ་རུ་སོང་ཡང་ང་ཚོ་མི་མང་གིས་གྲྭ་རྒན་ཚོ་ལ་ནམ་ཡང་ཡིད་ཆེས་མི་སྲིད་ལ། ང་ཚོའི་སྤྱི་ཚོགས་གཏོར་བཤིག་གི་ཚིག་དག་བདེན་པར་འཛིན་མི་སྲིད། བཀུན་འོས་པའི་སྐུ་ངོ་རྣམས་ལ་ཆེད་དུ་ཞུ། བདག་གིས་བློ་གཟུར་བོར་གནས་པའི་སྟེང་ནས་བསམ་བློ་ཞིག་བཏང་ན་ནོར་འཁྲུལ་དེ་བྱེ་བྲག་པ་སུ་ལ་ཡང་མེད་ལ་ཚང་མ་ལ་ཐུན་མོང་དུ་ཡོད། ཁྲིམས་བཟོ་བའི་གང་ཟག་གིས་ཁྲིམས་གསལ་བོ་བཟོ་མ་ཐུབ་ཚེ་རང་ཉིད་ཀྱང་ཁྲིམས་ལ་འཐོགས་ཟེར་བ་དེ་རེད། ད་བསམ་གཞིག་བྱེད་དགོས་པ་ཞིག་ལ་མ་འོངས་པར་ལས་དོན་ཆེ་ཆུང་གང་ཡིན་ནའང་བཅའ་ཁྲིམས་ཁ་གསལ་བོ་བཟོ་དགོས་པ་གལ་ཆེ།