བསམ་ཤོག་དེར་ཁུངས་ལུང་མི་འདུག

ཤོག་ལྷེ་དང་པོར་མང་ཚོགས་ནས་ཐུགས་སྣང་དགོས་རྒྱུ།། ཅེས་འཁོད་ཡོད་པ་དང་གཉིས་པར། ཨང་། མཚན། ཁ་བྱང་། ས་རྟགས། ཅེས་མིང་རྟགས་བསྡུ་རུབ་བྱེད་སའི་རེའུ་མིག་ཅིག་རེད། ངས་གཟབ་ནན་གྱིས་ཤོག་ལྷེ་དང་པོ་བཀླགས་སྐབས། ནང་དོན་ནི་ཉེ་ཆར་ཕྱི་ཟླ་༩གྲོགས་ཚོགས་སྐབས་”དོན་གནས་ཆུང་ཙག་ཅིག་ལ་སྤྱི་འཐུས་འགས་ང་དང་ཁོ་ཞེས་བཤད་དེ་ཚད་ལས་བརྒལ་བའི་ཚིག་ངན་བེད་སྤྱོད་བྱས་ཏེ་མཐར་གྲོས་ཚོགས་ནས་ཕྱིར་ཐོན་པ་ནི་ད་བར་ལོ་ངོ་༥༠་ནང་བྱུང་མ་མྱོང་བའི་ཐབས་སྡུག་གི་གནས་ཚུལ་ཞིག་ཡིན་པ་དང་གནས་ཚུལ་དེའི་༸གོང་ས་མཆོག་གི་ཐུགས་དཀྲུགས་པ་དང་། རང་གཞུང་ལ་བརྩི་བཀུར་མེད་པ། རྒྱ་ཆེའི་མང་ཚོགས་སྙད་བཅོས་དང་རྩིས་མེད་བཏང་བ། ཡང་དགོས་སུ་བོད་ནང་དུ་བོད་མི་ཚོས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་གཅེས་པའི་སྲོག་ཀྱང་བློས་གཏོང་གནང་བའི་རླབས་ཆེན་གྱི་མཛད་རྗེས་སོགས་རྐང་བརྫིས་བཏང་སྟེ་རྒྱ་གུང་བྲན་ལ་དགོས་པའི་ལག་ཆ་དེ་སྤྱི་འཐུས་དེ་རྣམས་ཀྱིས་བཟོས་སོང་།” ཅེས་སོགས་བཀོད་དེ་སྐབས་༡༤་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་གྲོས་འཆར་ཞིག་ལས་བྱུང་བའི་དོན་རྐྱེན་ནམ་གནས་ཚུལ་ཡོངས་རྫོགས་སྐབས་དེར་ཕྱིར་ཐོན་པའི་སྤྱི་འཐུས་རྣམ་པས་བྱས་པ་ཡིན་པའི་ཕྱོགས་ལྷུང་གི་སྐྱོན་བརྗོད་བྱས་འདུག་ལ། ”གྲོས་ཚོགས་ནས་ཕྱིར་ཐོན་མཁན་སྤྱི་འཐུས་དེ་རྣམས་ལ་ཡང་བསྐྱར་སྐབས་༡༥པའི་སྤྱི་འཐུས་ཀྱི་འོས་དམིགས་སུ་དེ་རྣམས་ལ་འོས་ཤོག་གཅིག་ཀྱང་མི་འཕེན་རོགས་ཞེས་མང་ཚོགས་ལ་འབོད་སྐུལ་ཞུ་བ་དང་ཆབས་ཅིག་སྤྱི་འཐུས་༤༣ཚང་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུས་ ”དགོས་པའི་ཚུལ་མིན་འབོད་སྐུལ་བྱས་འདུག་ཅིང་། མཇུག་ཏུ་”སྤེལ་ཀོབ་སྐྱ་སེར་མཐུན་མོང་ནས་མང་ཚོགས་ལ་འབོད་སྐུལ་དང་བསྒྲགས།” ཅེས་བཀོད་འདུག ངོ་མ་བཤད་ན་སྤེལ་ཀོབ་སྐྱ་སེར་ཐུན་མོང་ནས་ཡིན་ན་སྦེལ་ཀོབ་མི་མང་ལ་འབོད་སྐུལ་དགོས་དོན་མེད་ན་ཡང་། ཚིག་སྒྲིབ་དེས་བསྟན་དོན་ནི་ཁོང་ཚོས་སྤེལ་ཀོབ་མི་མང་གི་མཚན་བེད་སྤྱོད་ཀྱིས་བོད་མའི་འདུས་སྡོད་གཞན་དག་ཏུ་གཡོ་ཇུས་ཤིག་བཤམ་འདོད་བྱས་པ་ཞིག་ཡིན་སྲིད་པ་རེད། དེ་མིན་ཡིག་ཆ་དེ་འགྲེམ་སྤེལ་བྱེད་མཁན་གྱི་མིང་དང་ཁུངས་ལུང་ཡང་གང་ཡང་མི་འདུག ངས་གྲོགས་པོར་ཡི་གེ་དེ་སུས་འགྲེམ་སྤེལ་བྱེད་ཀྱི་འདུག་ཅེས་ཡང་ནས་བསྐྱར་དུ་དྲིས་ཀྱང་ཁོང་ལ་གསལ་བོ་བཤད་རྒྱུ་མི་འདུག དེ་ནས་ངས་ཉིན་གསུམ་ཀྱི་རིང་ལ་གཞིས་ལས་ཁང་དང་མཉམ་འབྲེལ་ཁག གྲྭ་ཚང་ཁག ས་གནས་གཞོན་ནུ་དང་བུད་མེད་སོགས་ལ་དྲི་བརྩད་བྱས་ཀྱང་ཁོང་ཚོས་ཀྱང་སྦེལ་ཀོབ་མི་མང་ཐུན་མོང་གིས་འབོད་སྐུལ་འདི་འདྲ་ཞིག་བྱེད་ཀྱི་ཡོད་པ་གོ་མི་འདུག ད་དུང་རྒྱ་དཔོན་ཁག་ཅིག་དང་མི་སེར། དགེ་འདུན་པ་མང་པོར་དྲིས་པ་ཡིན། ཁོང་ཚོ་རེ་གཉིས་ཀྱིས་ཡིག་འཁྱར་དེ་འདྲ་ཞིག་འགྲེམ་སྤེལ་བྱས་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་འདུག་ནའང་། སེར་སྐྱ་ཐུན་མོང་གིས་ཡིན་པར་ངོས་ལེན་བྱེད་ཀྱི་མི་དུག མ་ཟད་ཁ་ཤས་ཀྱིས་གལ་ཏེ་འདི་སེར་སྐྱ་ཐུན་མོང་གི་ཡིན་ན་ང་ཚོས་ཀྱང་གནས་ཚུལ་ཞིག་ཤེས་དགོས་རྒྱུ་མ་རེད་དམ། ག་རེ་རེད། མི་མང་ཚོགས་འདུ་བྱུང་བ་རེད་དམ། ཡང་ན་མི་མང་གི་འཐུས་མི་ཚོས་བྱས་པ་རེད་ཅེས་ཚུར་དྲི་བ་བྱེད་ཀྱི་འདུག དེར་བརྟེན་དོན་དངོས་ཐོག་ཡིག་ཆ་དེ་ནི་སྐབས་འཚོལ་བ་རེ་ཟུང་ཞིག་གིས་དམིགས་ཡུལ་གཞན་ཞིག་གི་ཆེད་དུ་མི་མང་གི་མཚན་རྩ་ཆེན་པོ་དེ་བེད་སྤྱོད་བྱེད་ཀྱི་ཡོད་པ་གསལ་པོ་རེད། མ་གཞི་ཁུངས་ལུང་མེད་པའི་ཡིག་འཁྱར་འདི་འདྲ་ལ་རྩད་གཅོད་བྱེད་ཚོད་དང་དགོས་དོན་དེ་འདྲ་མེད་ན་ཡང་། སྐབས་འགར་ས་གནས་མི་མང་གི་མང་གཙོའི་གོ་རྟོགས་དང་ཆབ་སྲིད་ཀྱི་གནས་བབས་ལ་བལྟས་ན་མི་མང་ནི་བེད་སྤྱོད་ལོག་པ་ཧ་ཅང་བྱེད་བདེ་བོ་ཡོད་པ་རེད་ལ། བེད་སྤྱོད་བྱེད་ཐུབ་པའི་རྗེས་སུ་ངན་ཤུགས་ཀྱང་མི་ཆུང་བ་ཞིག་ཐོབ་ཀྱི་ཡོད་པ་རེད། དེར་བརྟེན་མང་གཙོ་དང་། སྤྱི་དོན་ཁ་འཁྱེར། རང་དོན་ཁོག་བཟུང་བ་ཚོས་ཞི་མིས་ཙིག་ཁུང་སྲུང་པ་བཞིན་གོ་སྐབས་ཞིག་བཙལ་བཙལ་བར་བསྡད་དེ་གནས་ཚུལ་ཕྲན་ཚགས་ཤིག་བྱུང་མ་ཐག་ཏུ་གོ་སྐབས་དམ་འཛིན་ཀྱིས་ཡིག་འཁྱར་བཀྲམས་ནས་མང་ཚོགས་ལ་སྐུལ་སློང་གིས་ནང་ཁུལ་ཕུ་དཀྲུགས་མདའ་དཀྲུགས་བྱེད་རྒྱུ་དང་། རང་ཚུགས་མེད་པའི་མི་སེར་རེ་འགའ་མགོ་སྐོར་བཏང་སྟེ་མིང་རྟགས་འགའ་བསྡུས་པའི་འོག་གི་ངན་གཡོའི་སྒེར་སེམས་དེ་སྐྱ་སེར་མི་མང་ཐུན་མོང་གི་བསམ་ཚུལ་ཡིན་མདོག་གིས་གཞུང་ལ་མགོ་སྐོར་གཏོང་ཐབས་བྱེད་པ་ནི་སྐབས་འཚོལ་བ་ཚོའི་སྒེར་དོན་སྒྲུབ་པའི་ཐབས་ལམ་ཡག་ཤོས་རེད། གནས་ལུགས་འདིའི་འོག་ནས་ལྷོ་ཕྱོགས་ཁུལ་ལ་ཆ་བཞག་ན་གནས་ཚུལ་འདྲ་མིན་བྱུང་ཡོད་པ་རེད། ད་དུང་རེ་འགས་གཞུང་འབྲེལ་ཅན་གྱི་རྣམ་པ་ཐོན་ཐབས་སུ་གྲོང་སྡེའི་བརྒྱ་དཔོན་དང་སྤྱི་མི་བེད་སྤྱོད་བྱས་སྟེ་སྒེར་གྱི་ཚོགས་མི་བསྡུས་པའི་གནས་ཚུལ་ཡང་ཐོན་གྱི་ཡོད་པ་རེད། གང་ལྟར་ད་ཐེངས་གྲོས་ཚོགས་དང་སྤྱི་འཐུས་དགོངས་ཞུའི་སྐོར་ཀྱི་འབོད་སྐུལ་དེ་བཟང་ངན་ག་འདྲ་ཞིག་ཡིན་ཡང་སྦེལ་ཀོབ་སྐྱ་སེར་ཐུན་མོང་གི་མང་ཐོག་ནས་མཚན་རྟགས་བཀོད་དེ་གཞུང་དང་ཚོགས་པ་གང་ལ་འབྱོར་བ་ཡིན་ན་དོན་དངོས་ཐོག་སྦེལ་ཀོབ་སེར་སྐྱ་ཐུན་མོང་ངམ་མི་མང་གི་འབོད་སྐུལ་གཏན་ནས་མིན། རྒྱུ་མཚན་ནི་འབོད་སྐུལ་འདི་མི་མང་ཚོགས་འདུ་བྱས་ནས་བྱུང་བ་དང་། ཡང་ན་མི་མང་གི་ཚབ་མཚོན་ཐུབ་པའི་གཞིས་ལས་ཁང་དང་། གྲྭ་ཚང་ཁག དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག གྲོང་སྡེ་བརྒྱ་དཔོན་སོགས་སུ་གང་ལ་གྲོས་བསྡུར་དང་། ཡང་ན་དེ་དག་གིས་བྱས་པ་ཞིག་མིན་པ་གསལ་པོ་ཡིན་པས་འབོད་སྐུལ་འདི་ཁུངས་ལུང་མེད་པ་གསལ་པོ་ཡིན། སྤྱིར་བཏང་གྲོས་ཚོགས་ཀྱི་གནད་དོན་དེར་མི་མང་ནང་བསམ་ཚུལ་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་བདེན་པ་ཡིན་ཡང་། ངོ་མ་བཤད་ན་བརྒྱ་ཆ་ཧ་ཅང་ཉུང་ཉུང་རེད། དོན་དངོས་ཐོག་མང་ཚོགས་ཀྱིས་རྡ་སའི་དཀྱིལ་འཁོར་ནང་བཤམ་ཡོད་པའི་ལྷ་སྐུ་དེ་ཚོའི་རྒྱུས་སྤུས་བཟང་ངན་དང་། གངས་སྐྱིད་ཀྱི་གར་སྟེགས་སུ་འཁྲབ་བཞིན་པའི་བཟློས་གར་ཡག་བཙོག་ག་འདྲ་ཞིག་ཡིན་ཡང་དངོས་ཡོད་གནས་ཚུལ་ཆ་ཚང་བ་ཞིག་ཤེས་པར་གོ་སྐབས་གཏན་ནས་ཐོབ་ཁོམ་གྱི་ཡོད་པ་མ་རེད། ༸རྒྱལ་བ་རིན་པོ་ཆེ་དང་མང་གཙོ། བོད་བསྟན་སྲིད། གཞིས་ལུས་མི་མང་ཞེས་པ་སོགས་ཀྱི་མིང་ཚིག་ཁ་ལ་ཁྱེར་ནས་མི་མང་ནང་གོ་སྐབས་གང་ཡོད་ལ་འབྲས་དཀར་བཞིན་བཤད་འདུག་མཁན་ཚོས་མང་ཚོགས་ཀྱི་སེམས་པ་བསླུ་བར་རྫུ་འཕྲུལ་ཧ་ཅང་སྐྱེན་པོ་རེད། ད་དུང་ཁ་གསལ་ཙམ་ཞིག་བཤད་ནས་དཔྱད་བཟོད་པའི་མིག་གིས་བལྟས་པའི་མཐོང་བྱ་ངོ་མ་དེ་གླེང་པ་ཡིན་ན། གཞིས་ཆགས་ཁག་ཏུ་འཁྲབ་སྟོན་ངན་པའི་ནད་ཡམས་མང་པོ་ཞིག་གི་འབྱུང་ཁུངས་ནི་གངས་སྐྱིད་ཀྱི་སྒེར་དོན་མཆོག་འཛིན་དང་། ཕྱོགས་ལྷུང་འཐེན་ཁྱེར་ཅན་གྱི་ནད་ཡམས་ངན་པའི་ཁ་རླངས་ཕོག་པའི་འགོས་ནད་ཅན་དེ་ཚོ་ཡིན་པའི་ནད་རྟགས་གསལ་པོ་རྙེད་ཀྱི་རེད། དེར་བརྟེན་མི་མང་གིས་ཀྱང་ང་ཚོའི་མིག་མདུན་གྱི་ཁ་བདེ་པོ་ཚོ་དང་། བྱེད་མཁས་པོ་ཚོའི་བྱེད་ཕྱོགས་ལ་དོགས་ཟོན་བྱས་ནས་རང་ཉིད་གཞན་གྱི་ལག་ཆ་དང་ཐབ་ཕྱིས་སུ་མ་གྱུར་བ་ཞིག་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་དུ་མཐོང་། ངས་འདི་ལྟར་བྲིས་པ་ཡང་གསལ་བོ་བཤད་ན་མ་འོངས་པར་མང་གཙོ་དང་ཆབ་སྲིད་ཀྱི་གོ་རྟོགས་རང་ཚུགས་ཐུབ་པ་མེད་པའི་མི་མང་མང་ཚོགས་རྣམས་མི་སུ་ཡིན་གྱི་ལག་ཆར་མི་འགྱུར་བའི་ཆེད་དུ་འཐབ་རྩོད་བྱེད་ཀྱི་ཡོད་ལ། མང་གཙོ་ཚད་ལྡན་གྱི་དོན་དངོས་ཀྱི་བསམ་བློའི་གོ་རྟོགས་ཤིག་མི་མང་ལ་ཐོབ་པར་འབད་བརྩོན་བྱེད་ཀྱི་ཡོད་པས་ཡིན།

 

དྲ་གྲོགས་ལྷན་རྒྱས་ལ་འཚམས་འདྲི་དང་བཅས་ཞུ་རྒྱུ། ཕྲན་གྱིས་དུས་ཡིན་རིང་པོ་ཞིག་ལ་ཟིན་བྲིས་སྤེལ་ཐུབ་མ་སོང་བས་དགོངས་སེལ་ཞུ་རྒྱུ་དང་། དེ་རིང་ནས་ཡང་བསྐྱར་ཟིན་བྲིས་སུ་ཡོང་ནས་གྲོགས་པོ་ཁྱེད་རྣམ་པ་དང་བསམ་བློ་བརྗེ་རེས། གནས་ཚུལ་གླེང་རེས་བྱ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན། འོན་ཀྱང་ངའི་ཁོར་ཡུག་ན་དྲ་རྒྱ་ཡག་པོ་མེད་པ་དང་གློག་གི་དཀའ་ངལ་ཆེན་པོ་ཡོད་ཙང་ཉིན་རྟག་པར་འདིར་ཟིན་བྲིས་སུ་འོང་ཐུབ་མིན་བཤད་ཚོད་མི་ཐིག་པ་ཞིག་རེད། དེར་བརྟེན་རྣམ་པ་ལྷན་རྒྱས་ནས་ཟིན་བྲིས་དུས་ཐོག་ཏུ་སླེབས་མཐུབ་ན་བསམ་ཤེས་གནང་རོགས་བར་ཞུ།