ཕྱི་དངོས་པོའི་སྟོབས་ཤུགས་ཀྱིས་འཛམ་གླིང་གི་སྣེ་འཁྲིད་མི་ཐུབ།
སྐབས་དེར་(Peace jam)ཞེས་པའི་ཞི་བདེའི་སྐོར་གྱི་ལྷན་ཚོགས་ཤིག་དྷ་སྟེང་བོད་ཁྱིམ་དུ་འཚོགས་པ་དང། དེར་༧གོང་ས་མཆོག་གཙོས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ཨ་རི་ནས་ཡིན་པ་ལྕམ་ཇཱོ་ཌི་ཝི་ལིམ་དང། ཨི་རན་ནས་ཡིན་པ་ལྕམ་ཤྲི་རིན་ཨེ་བྷ་དྷི། བྱང་ཨིར་ལན་ཌི་ནས་ཡིན་པ་ལྕམ་མའེ་རིད་ཁོ་རི་གྷན། བོད་གཞུང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་སོགས་ཕེབས་ཡོད་པ་རེད། སྐབས་དེར་ལྕམ་ཇོ་ཌི་ཝི་ལེམ་གྱིས་གསུང་དོན། ང་རང་༧གོང་ས་མཆོག་ཐོག་མ་ཝིར་ཇི་ནི་ཡའི་གཙུག་ལག་སློབ་གྲྭར་མཇལ་འཕྲད་བྱུང་ཞིང། ངས་ཐོག་མར་སྙིང་རྗེ་ཞེས་པའི་དོན་དང། བོད་དོན་སྐོར་ཤེས་རྟོགས་བྱུང་ཞིང། བོད་ས་ཤོར་བའི་སྡུག་བསྔལ་ཚོར་བ་མ་ཟད། ཕམ་ཁ་དང་དྲག་གནོན་ལ་མ་ལྟོས་པར་རྩ་ཆེ་བའི་རིག་གཞུང་ལ་སྲུང་སྐྱོབ་བྱེད་འདོད་ཡོད་པའི་སྐོར་ཤེས་རྟོགས་བྱུང་ཞེས་དང༌། ཁྱེད་རྣམས་ཀྱིས་རང་གི་རིག་གཞུང་རྣམས་ལེགས་པོ་ཉར་ཚགས་གནང་འདུག སེམས་ཤུགས་མ་ཉམས་པར་མདུན་སྐྱོད་གནང་བ་ནི་འཛམ་བུ་གླིང་ལ་སེམས་ཤུགས་ཀྱི་མིག་དཔེ་བསྟན་པ་ཞིག་རེད་ཅེས་དང། རྒྱ་ནག་ནི་དཔལ་འབྱོར་དང་ཆབ་སྲིད་ཀྱི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པ་རེད། ཕྱིའི་དངོས་པོའི་སྟོབས་ཤུགས་ལ་བརྟེན་ནས་འཛམ་གླིང་གི་སྣེ་འཁྲིད་ཐུབ་ཐབས་ཡོད་མ་རེད། དབུ་ཁྲིད་ངོ་མ་ནི་འགྲོ་བ་མིའི་རིགས་ལ་བྱམས་སྙིང་རྗེས་སྐྱོང་བ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་དེ་ཡིན་པ་དང༌། དེ་ནི་བོད་མི་རྣམས་དང་ལྷག་པར་དུ་༧གོང་ས་མཆོག་གིས་འཛམ་གླིང་ལ་མིག་དཔེ་བཟང་པོ་བསྟན་ཡོད་པ་རེད་ཅེས་སོགས་གསུངས་སོང། དེ་བཞིན་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གྱི་ལྕམ་རྣམ་པ་གསུམ་གྱིས་བོད་མི་རྣམས་ལ་བསྔགས་བརྗོད་གནང་སོང།
མཐར་༧གོང་ས་མཆོག་གིས་གསུང་དོན། ངས་ཞུ་ཐུབ་པ་ཞིག་ལ་ཁྱེད་རྣམས་མཇལ་བ་ཙམ་གྱིས་སློབ་ཕྲུག་རྣམས་ལ་སེམས་ཤུགས་དང་སྙིང་སྟོབས་སྐྱེས་ཡོད་པ་རེད། ཁྱེད་རྣམས་ཀྱིས་བོད་དོན་ཐད་གདུང་སེམས་མཉམ་བསྐྱེད་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང༌། མཚམས་རེ་བདེན་པ་མིན་པའི་སྟོབས་ཤུགས་ཧ་ཅང་ཤུགས་ཆེན་པོ་ཡོད་ནའང་དེ་འཕྲལ་དུ་གནས་པ་ལས་ཡུན་རིང་པོ་གནས་ཐུབ་ཀྱི་མ་རེད། དུས་རབས་ཉེར་གཅིག་ནི་འགྲོ་བ་མིའི་ལོ་རྒྱུས་ཀྱི་ཆ་ཤས་ཧ་ཅང་ཁྱད་དུ་འཕགས་པ་ཞིག་རེད་བསམ་གྱི་ཡོད། དུས་རབས་སྔོན་མའི་ནང་མི་མང་ས་ཡ་ཉིས་བརྒྱ་ཐམས་པའི་ཚེ་སྲོག་ཤོར་བ་དང༌། དུས་རབས་དེ་ནི་དམར་གསོད་དང་དྲག་པོའི་དུས་རབས་ཤིག་ཡིན་པ་རེད། དོན་དངོས་སུ་འཛམ་གླིང་མི་མང་གིས་དྲག་པོ་དང་འཚེ་བ་ལ་མི་དགའ་བ་དང་ཞི་བདེ་དང་དྲང་བདེན་ལ་རེ་འབོད་བྱེད་ཀྱི་ཡོད་ལ། རིམ་པས་ལོ་ཟླ་བརྒྱུད་དྲང་བདེན་དང་རང་དབང། འདྲ་མཉམ། ཞི་བདེ་ལྷིང་འཇགས་སོགས་འདོད་པ་དང་ཞི་བདེར་འགྱུར་རྒྱུ་ཉག་ཅིག་རེད་ཅེས་དང། དྲག་པོས་གཏོར་བཤིགས་ཁོ་ན་ལས་མིའི་དཀའ་ངལ་སེལ་མི་ཐུབ། ད་ལྟ་ཡིན་ནའང་དཀའ་ངལ་དེ་མུ་མཐུད་གནས་ཡོད་པས། བྱམས་པ་དང་སྙིང་རྗེ་གཞན་ཕན་སོགས་ཀྱི་ལམ་ལ་བསྐྱོད་དགོས་པ་དང་དེའི་ཡོན་ཏན་རང་བརྒྱུད་ལ་སྐྱེ་ཐབས་བྱེད་རྒྱུ་གལ་ཆེ་ཞེས་སོགས་ལམ་སྟོན་གནང་བ་རེད།་ཞི་བདེའི་ལྷན་ཚོགས་དེའི་འགན་འཛིན་ལྕམ་ཌོན་ཨན་གྷར་གྱིས་མཇུག་བསྡོམས་གསུང་བཤད་གནང་ཡོད་པ་རེད།།