སིམ་ལར་བོད་རང་བཙན་བསྐྱར་དུ་གླེང་བ།
ཚོགས་འདུ་དེའི་ཐོག་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་བསྐྱར་དུ་གསལ་བསྒྲགས་ནས་མི་ལོ་༡༠༠ ཧྲིལ་པོ་འཁོར་བའི་དུས་ཚོད་དང་བསྟུན་ནས་བོད་རང་བཙན་སྐོར་གྱི་ཚོགས་འདུ་རྒྱས་པ་ཞིག་འཚོག་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད།
དེ་ཡང་ཕྱི་ཟླ་༡༠ ཚེས་༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ པ་ཙམ་ལ་ཚོགས་འདུ་དབུ་འཛུགས་ཀྱི་མཛད་སྒོ་དངོས་སུ་དབུ་འཛུགས་བྱས་ཡོད་པ་དང། སྐུ་མགྲོན་གཙོ་བོ་རྒྱ་གར་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་དུ་བཞུགས་པའི་ཤིང་བཟའ་མཆོག་སྤྲུལ་རིན་པོ་ཆེ་དང། དེ་བཞིན་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཞོན་དང་བྷི་ཇི་པི་ས་འཐུས་མི་འགྲོ་ཏར་སེམ་བྷཱར་ཏི་ལགས་དང། སིམ་ལ་ས་གནས་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་ཧི་མ་ཅལ་མངའ་སྡེའི་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་གཞོན་པ་ཝི་ཡིས་ནེ་གེ་ལགས་བཅས་ཕེབས་ཡོད་པ་དང། ཚོགས་བཅར་བའི་ཁོངས་སུ་ན་གཞོན་རྩོམ་པ་པོ་དང་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་དོན་གྲུབ་ལྷ་དར་ལགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་ཕུན་ཚོགས་དབང་ཕྱུག་ལགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་རྒྱུན་བསྟན་འཛིན་ནོར་བཟང་ལགས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་བཅས་སྒེར་ངོས་ནས་ཚོགས་བཅར་ཞུས་ཡོད་པ་དང། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་ཀརྨ་ཆོས་སྐྱིད་ལགས་ཀྱིས་གཙོས་ཤེས་ཡོན་ཅན་སེར་སྐྱ་ཕོ་མོ་སུམ་ཅུ་སྐོར་ཞིག་ཚོགས་འདུ་དེར་ཚོགས་ཞུགས་བྱས་ཡོད་པ་རེད། མཛད་སྒོ་དེ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་གཙོ་སྐྱོང་ཐོག་མཛད་སྒོ་དབུ་འཛུགས་གནང་ཡོད་པ་དང། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང། སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་མར་མེ་ཞལ་དབྱེ་དང། བོད་རང་བཙན་གྱི་ཆེད་དུ་རང་སྲོག་བློས་གཏོང་བྱས་པའི་དཔའ་བོ་ཕོ་མོ་རྣམས་ཀྱི་ཆེད་དུ་ངག་བཅད་མྱ་ངན་གུས་འདུད་སྐར་མ་གཅིག་ཞུས། རྩོམ་པ་པོ་བྱ་དོར་ཕུན་ཚོགས་དབང་ཕྱུག་ལགས་ལོ་སྔོན་མའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་རང་བཙན་བགྲོ་གླེང་སྐབས་རང་དབང་རྩོམ་པ་པོ་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་གཏམ་བཤད་གནང་བ་བོད་རང་བཙན་གྱི་སྐྱ་ཐིག་དོན་ཚན་༡༥ ལོ་འཁོར་དྲན་གསོའི་ཆེད་གཏམ་སྒྲོགས་སྦྱང་དང། འཆི་མེད་གཡུང་དྲུང་ལགས་ཀྱིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་བོད་སྐད་དང་ཧིན་སྐད་གཉིས་ཀའི་ཐོག་ནས་གནང།
དེ་ནས་ཆེད་ཞུས་དམིགས་བསལ་སྐུ་མགྲོན་ཧིན་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཞོན་གྱིས་གསུང་བཤད་གནང་བའི་སྙིང་དོན། བོད་རང་བཙན་གྱི་འཐབ་རྩོད་དེ་བོད་པ་རང་གིས་འགན་ཁུར་དགོས་པ་རེད། རྒྱ་གར་གཞུང་མང་གི་ཐོག་ནས་མཐུན་འགྱུར་དང་རྒྱབ་སྐྱོར་བྱེད་ཐུབ་ཀྱི་རེད། སྔོན་མ་ཡང་བྱས་ཡོད་པ་བཞིན་མ་འོངས་པར་ཡང་བྱེད་ངེས་རེད་དེ། གཙོ་ཆེ་ཤོས་འཐབ་རྩོད་དེ་མི་རབས་གསར་པ་ཚོས་འགན་ཁུར་དགོས་པ་རེད་ལ། ད་ལྟའི་འདིར་ཕེབས་པ་ཚང་མ་ན་གཞོན་རྐྱང་པ་རེད། དེ་ཧ་ཅང་ཡག་པོ་རེད། མི་རབས་གསར་པས་འགན་ཁུར་དགོས་པ་རེད་ཅེས་སོགས་གསུངས་ཡོད་པ་དང། དེ་བཞིན་ཧིན་བོད་མཛའ་ཚོགས་ཀྱི་ཚོགས་གཙོས་གསུང་བཤད་གནང་བའི་སྙིང་དོན། ༧གོང་ས་མཆོག་དང་བོད་གཞུང་གི་ངོས་ནས་རང་སྲིད་རང་སྐྱོང་ཞིག་རྩོད་བཞིན་ཡོད་ཀྱང། བོད་རིགས་མང་པོ་ཞིག་གི་ངོས་ནས་རང་བཙན་སླར་གསོ་དགོས་པའི་བསམ་ཚུལ་འཛིན་མཁན་མང་པོ་ཡོད་པ་དེ་ཡང་ཡག་པོ་རེད། དོན་དངོས་བོད་པས་རང་བཙན་ཁོ་ན་རྩོད་དགོས་པ་རེད། རང་བཙན་རྩོད་པའི་སྐབས་རང་བཙན་རག་དང་མི་རག་གི་བསམ་བློ་དང་དང་སྐད་ཆ་ཁོ་རང་གཏོང་རྒྱུ་ཡོད་པ་མ་རེད། རང་བཙན་རྩོད་པའི་སྐབས་རག་ངེས་པ་རེད་བསམས་ནས་རྩོད་དགོས་པ་རེད། རང་བཙན་རྩོད་རྒྱུ་དེ་དཀའ་ལས་ཁག་པོ་ཡོད་པ་རེད། རང་བཙན་ངེས་པར་དུ་བརྩད་ན་ཉིན་གཅིག་ངེས་པར་དུ་འཐོབ་ངེས་པ་རེད། དེ་བཞིན་སྐད་འབོད་བྱེད་པའི་སྐབས་བོད་རང་བཙན་དེ་རྒྱ་གར་གྱི་བདེ་འཇགས་རེད་ཅེས་བརྗོད་བཞིན་ཡོད་པ་རེད། རྒྱ་གར་གྱི་ངོས་ནས་བཤད་ཀྱང་བོད་རང་བཙན་ཐོབ་ན་རྒྱ་གར་གྱི་བདེ་འཇགས་ཡིན་ངེས་ཀྱང། བོད་པའི་རང་སྲིད་རང་སྐྱོང་གིས་རྒྱ་གར་གྱི་བདེ་འཇགས་ལ་གང་ཡང་ཕན་ཐོགས་ཀྱི་མ་རེད། འདི་ཡང་བསམ་བློ་གཏོང་སྟངས་ཕྱོགས་གཅིག་ཡོད་པ་དང། ཕྱོགས་གང་ནས་བཤད་ཀྱང་བོད་རང་བཙན་རྩོད་དགོས་པ་དེ་གལ་ཆེན་པོ་རེད་ཅེས་སོགས་གསུང་བཤད་གནང་ཡོད་པ་རེད།
མཛད་སྒོ་གྲུབ་པའི་རྗེས་སུ་ཕྱི་ལོ་༡༩༡༤ ལོར་ཤིང་སྟག་སིམ་ལའི་ཆིངས་ཡིག་ལ་རྒྱ་གར་དབྱིན་ཇི་གཞུང་དང་བོད་པའི་སྐུ་ཚབ་བཤད་སྒྲ་བ་མཆོག་གིས་མཚན་རྟགས་འགོད་ཡུལ་གྱི་ཚོགས་ཁང་དུ་གཟིགས་སྐོར་དང། ཚོགས་ཞུགས་པ་ཚང་མས་པར་ལེན་སོགས་བྱས་ཡོད་པ་དང། ཉིན་གུང་གསོལ་ཚིགས་རྗེས་སུ་མཆོག་སྤྲུལ་ཤིང་བཟའ་རིན་པོ་ཆེ་མཆོག་གིས་རང་བཙན་མེད་ན་བོད་ལ་ཅི་ཡང་མེད་ཅེས་པའི་བོད་རང་བཙན་དང་འབྲེལ་བའི་གསུང་བཤད་ཡིག་ཐོག་ཏུ་ཡོད་པ་སྒྲོགས་སྦྱང་དང་འགྲེལ་བརྗོད་གནང་ཡོད་པ་དང། དེའི་རྗེས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་དེང་སྐབས་ཨི་ཊ་ལིར་བཞུགས་པ་ཀརྨ་ཆོས་སྐྱིད་ལགས་ཀྱིས་འཐབ་རྩོད་ཀྱི་ཁྲོད་བུད་མེད་ཀྱི་ནུས་ཤུགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད། མཚམས་འདིར་ཀླུ་མཁར་བྱམས་ལགས་ཀྱིས་ལོ་གཅིག་གི་རིང་རང་བཙན་གྱི་སྐྱ་ཐིག་དོན་ཚན་༡༥ མི་མང་གི་ནང་དུ་བསམ་ཚུལ་བསྡུ་རུབ་ཆེད་བཀྲམ་པའི་སྐོར་གྱི་སྙན་ཐོ་སྒྲོགས་སྦྱང་བྱས་ཡོད་པ་རེད། དེའི་རྗེས་སུ་ལོ་སྔོན་མའི་ཕྱི་ཟླ་༡༡ པའི་ཚེས་༢༠ ཉིན་བོད་གཞུང་ཟློས་གར་ཚོགས་ཁང་དུ་འགྲེམས་སྤེལ་བྱས་པ་རང་དབང་རྩོམ་པ་པོ་ཀླུ་མཁར་བྱམས་ལགས་ཀྱིས་རང་བཙན་གྱི་སྐྱ་ཐིག་དོན་ཚན་༡༥ ཐོག་དོན་ཚན་རེ་རེ་བཞིན་བསྟར་ཆགས་སུ་བགྲོ་གླེང་དང་བསམ་ཚུལ་ཕྱི་དྲོ་ཆུ་ཚོད་༦།༣༠ བར་སྦྱང་བཤད་བྱས་ཡོད་པ་རེད།
ཉིན་གཉིས་པའི་སྔ་དྲོ་ཆུ་ཚོད་༨།༣༠ ཐོག་བགྲོ་གླེང་འགོ་འཛུགས་ཐོག་དོན་གྲུབ་ལྷ་དར་ལགས་ཀྱིས་བོད་རང་བཙན་ད་ལྟའི་མི་རབས་ཀྱི་འགན་འཁྲི་དང། གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་བོད་རང་བཙན་གྱི་འཐབ་རྩོད་ཀྱི་རྒྱུན་བསྲིང་རང་བཞིན། བྱ་དོར་ཕུན་ཚོགས་དབང་ཕྱུག་ལགས་ཀྱིས་ལོ་རྒྱུས་དང་རང་བཙན།བདེན་པ་གསུམ་གྱི་བརྡར་ཤ བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་རང་བཙན་རྩོད་གླེང་ཇི་ལྟར་བྱེད་དགོས་མིན་སྐོར་བཅས་ཀྱི་ཐོག་སྐར་མ་༤༠ རེར་གཏམ་བཤད་བྱས་ཡོད་པ་པ་དང། སྐར་མ་༡༥ ཙམ་གྱི་རིང་ཉིན་དེའི་བགྲོ་གླེང་གཙོ་གཙོ་སྐྱོང་བ་འཆི་མེད་གཡུང་དྲུང་ལགས་ཀྱིས་མང་གཙོའི་སྤྱི་ཚོགས་ནང་མང་གཙོ་དང་སློབ་སྦྱོང་དགོས་པ་གལ་ཆེ་བ་དང། ལྷག་པར་དུ་སྤྱི་འཐུས་ནང་དུའང་ཕྱི་ནང་གི་སྐད་ཡིག་ཤེས་དགོས་པ་དང། ཆབ་སྲིད་ཀྱི་གོ་རྟོགས་གོང་མཐོར་གཏོང་དགོས་པ་གལ་ཆེན་པོ་རེད།
ཉིན་གུང་རྗེས་གསུང་བཤད་གནང་ཟིན་པ་ཁག་གི་ཐོག་གོ་བསྡུར་དང་བགྲོ་གླེང་གནང་ཡོད་པ་དང། རྒྱ་གར་གྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཁྲིམས་རྩོད་པ་ཨ་ཇེ་ལགས་དང། ཁོང་གི་ཕྱག་རོགས་ཚོགས་འདུ་རུ་ཕེབས་ཡོད་པ་དང། ཁྲིམས་རྩོད་པ་ཁོང་ནི་༢༠༠༨ ལོའི་ཞི་བའི་གོམ་བགྲོད་གནང་བའི་སྐབས་སོགས་སུ་ཁྲིམས་རྩོད་ཀྱི་སྐོར་གླ་མེད་དང་བླངས་ཀྱི་ཐོག་ནས་འགན་ཁུར་ཚང་མ་བཞེས་ཡོད་པ་རེད། ཁོང་གིས་ཀྱང་བོད་དབྱིན་གཉིས་ཀྱི་ངོས་ནས་མཚན་རྟགས་འཁོད་པའི་ཆིངས་ཡིག་བཞག་མྱོང་བའི་ས་གནས་གལ་ཆེན་པོ་འདིར་བོད་རང་བཙན་སྐོར་གྱི་ཚོགས་འདུ་ཚོགས་ཐུབ་པ་དེ་ཧ་ཅང་ཡག་པོ་རེད་ཅེས་སོགས་ཀྱང་གསུངས་ཡོད་པ་དང། ཚོགས་འདུ་དེའི་ཐོག་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་བསྐྱར་དུ་བསྒྲགས་ནས་མི་ལོ་༡༠༠ ཧྲིལ་པོ་འཁོར་བའི་དུས་ཚོད་དང་བསྟུན་ནས་བོད་རང་བཙན་སྐོར་གྱི་ཚོགས་འདུ་རྒྱས་པ་ཞིག་འཚོག་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད། ཕྱི་དྲོ་ཆུ་ཚོད་༤ པའི་ཐོག་ཚོགས་འདུ་གོ་སྒྲིག་པ་ཀླུ་མཁར་བྱམས་ལགས་དང། བསྟན་འཛིན་བརྩོན་འགྲུས་ལགས་གཉིས་ཀྱིས་རྒྱ་གར་གྱི་གསར་འགོད་པ་རྣམས་ཚོགས་འདུའི་སྐོར་གསར་འགོད་གསལ་བསྒྲགས་ཤིག་ཀྱང་གནང་ཡོད་པ་རེད།།