རང་སྲིད་རང་སྐྱོང་སྐོར་ལ་དགག་སྒྲུབ་བགྲོ་གླེང།
བྷེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་དགྲ་འདུལ་ལགས་ཀྱིས་སྒྲུབ་ཕྱོགས་ཀྱི་གཏམ་བཤད་བྱེད་སྐབས། “དང་པོ་བོད་མིའི་ཆབ་སྲིད་འཕོ་འགྱུར་གྱི་བརྒྱུད་རིམ་དང་འབྲེལ་རང་བཙན་བློས་གཏོང་བྱས་ཤིང༌། བོད་ཀྱི་ཁོར་ཡུག་དང༌། མི་རིགས་རིག་གཞུང་སོགས་ཛ་དྲག་གི་གནས་བབ་ལ་གཟིགས་ནས་འཐབ་རྩོད་བྱེད་ཕྱོགས་ཤིག་ཡིན་པ་རེད་”ཅེས་གསུངས་སོང།
དེ་རྗེས་དགག་ཕྱོགས་གཏམ་བཤད་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིགས་འཛིན་ལགས་ཀྱིས་“བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་མིན་ནི་པེ་ཅེན་ནས་གང་བྱས་རེད་མ་གཏོགས། ཡིག་ཆའི་ནང་གང་ཡོད་མེད་དང་རྩ་ཁྲིམས་ནང་དུ་གང་ཡོད་མེད་ལ་ཐུག་ཡོད་པ་མ་རེད་”ཅེས་གསུངས་སོང། ད་དུང་ཁོང་གིས་མུ་མཐུད་དུ་གསུང་དོན། “ང་རང་ཚོས་གང་བྱས་པ་ཚང་མ་རྩིས་མེད་གཏོང་གི་ཡོད་པ་རེད། རྒྱལ་སྤྱི་དང་རྒྱ་ནག་གིས་ཀྱང་རྩིས་མེད་གཏོང་གི་ཡོད་པ་རེད། ཁོ་རང་ཚོའི་ཁྲིམས་རྩིས་མེད་གཏོང་གི་ཡོད་རེད། ད་ལྟའི་གནས་སྟངས་ལ་ཆ་བཞག་ན། གལ་ཆེ་ཤོས་དེ་ས་གནས་ཀྱི་འཛིན་སྐྱོང་དང་འབྲེལ་བའི་ཐོག་ནས་ཁྲིམས་དང་བཅའ་ཁྲིམས་ག་རེ་ཡིན་ན། དབང་ཆ་དེ་རྒྱ་ནག་གཞུང་ལ་ཡོད་པ་རེད། ཁོ་རང་ཚོས་གང་བྱས་བྱས་རེད། དེ་རིང་འདི་ཁྲིམས་རེད་ཟེར་ན་འགྲིག་གི་རེད། ཁྲིམས་ཆགས་ཡོད་རེད། སང་ཉིན་ཁོ་རང་ཚོའི་དགོས་མཁོ་དང་དམིགས་ཡུལ་འགྲུབ་ཀྱི་མེད་ན་དེ་མ་རེད་ཡར་བསྡུས་ཤོག་ལབ་ན་འགྲིག་པ་རེད་”ཅེས་བོད་པས་དགོས་འདུན་དང་རེ་བ་གང་བྱས་ཀྱང་གཙོ་བོ་པེ་ཅིང་གཞུང་འཛིན་པའི་ལག་པར་ཡོད་པ་དང༌། རྒྱལ་སྤྱི་དང་རྒྱ་ནག་བཅས་ཀྱིས་རྩིས་མེད་གཏོང་གི་ཡོད་པར་བརྟེན། གཏན་ནས་འགྲུབ་ཐབས་མེད་པ་ཞིག་ཡིན་པར་གླེང་སྟེ་དགག་པ་བྱས། གཏམ་བཤད་ཁག་གྲུབ་རྗེས་མང་ཚོགས་ཀྱིས་དྲི་བ་དྲིས་ལན་བྱས་ཏེ་གྲོལ་ཡོད་པ་རཻད།
བགྲོ་གླེང་གོ་སྒྲིག་པའི་བསྒྲགས་གཏམ་ནང་དུ་“རྒྱ་བོད་དབར་གྱི་འཐབ་རྩོད་འདི་དུས་ཡིན་རིང་པོའི་བར་གནས་དགོས་པ་ཆགས་སྲིད་པས་བོད་མི་མང་གི་ངོས་ནས་དེའི་ཐད་ཆབ་སྲིད་གོ་རྟོགས་ཀྱི་ལས་དོན་གནད་སྨིན་སྤེལ་རྒྱུ་སོགས་གྲ་སྒྲིག་ཚགས་ཚུད་ངེས་པར་བྱེད་དགོས་པ་ནི་དོར་ཐབས་མེད་པི་ལས་འགན་ཞིག་ཡིན་ལ། མ་འོངས་པའི་ལོ་ཟླའི་ནང་འདས་པའི་ལོ་རྒྱུས་དང༌། ད་ལྟའི་གནས་སྟངས་གཞི་ལ་བཞག་པའི་ཐོག་ནས་བོད་མི་མང་ཚོགས་ལ་མང་ཚོགས་ཀྱི་དམིགས་འདུན་ལངས་ཕྱོགས་ཡོད་དགོས་པ་བོད་ཀྱི་རྩ་དོན་མཐའ་མའི་ཐག་གཅོད་བྱེད་པར་མེད་དུ་མི་རུང་བ་ཞིག་ཡིན་པ་ནན་བརྗོད་བྱེད་ཀྱི་ཡོད་”ཅེས་དང༌། ད་དུང་ཉེ་ཆར་ཟླ་༡༠ ཚེས་༥་ཉིན་ཀྲུའུ་ཝེ་ཆོན་ཀྱིས་འཇར་མན་གཙོ་གནད་དུས་དེབ་ཀྱི་དྲིས་ལན་དུ་རྒྱལ་ཁབ་སོ་སོའི་མི་རིགས་གྲུབ་ཚུལ་མི་འདྲ་ཞིང། ལོ་རྒྱུས་དང་རིགས་གནས། སྲོལ་རྒྱུན་བཅས་ཀྱང་འདྲ་མཚུངས་མིན་སྟབས། རང་སྐྱོང་གང་རུང་ལག་བསྟར་བྱེད་པའི་རྒྱལ་ཁབ་དག་གི་དོན་དངོས་ཀྱི་རང་སྐྱོང་ཐབས་ལམ་ཡང་གཅིག་མཚུངས་ཡོང་ཐབས་མེད་ཅེས་བརྗོད་པར། རྒྱ་ནག་གི་རྩ་ཁྲིམས་དོན་ཚན་བཞི་བ་ལུང་དུ་དྲངས་བའི་མཇུག་ཏུ་“མི་རིགས་ཀྱི་གྲུབ་ཚུལ་དང། ལོ་རྒྱུས། རིག་གནས། སྲོལ་རྒྱུན་བཅས་ཕྱོགས་གང་ཐད་ནས་འདྲ་མཚུངས་མིན་ཞིང་བསལ་ལོ་རྒྱུས་ཀྱི་གནས་བབ་ལྡན་པའི་བོད་ཁུལ་དུ་བོད་མིར་གཉའ་གནོན་དང༌། མཐོང་ཆུང༌། རྒྱ་བོད་མི་རིགས་བར་འཁོན་འགྲས་བཟོ་བ་ལ་བརྟེན་ནས་རྒྱ་བོད་མི་རིགས་ཁ་བྲལ་དང། བོད་རིགས་རྩ་མེད་བཟོ་བའི་ལས་དོན་སྤེལ་བཞིན་པ་རྒྱ་ནག་གཞུང་གིས་བརྗོད་བཞིན་པའི་དོན་དངོས་ཀྱི་རང་སྐྱོང་གི་ཐབས་ལམ་ཡིན་ནམ། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་སོ་སོའི་ཁྲིམས་མཐུན་དབང་ཆ་དང་ཁེ་ཕན་ཁག་ཐེག་བྱེད་རྒྱུ་ཟེར་བའི་དགོངས་ཡིན།” ཅེས་དགན་ལན་གྱི་ཚུལ་དུ་བསྒྲགས་ཏེ་ཡིག་ཆ་མི་མང་ལ་འགྲེམས་སྤེལ་བྱས་སོང༌། མེ་སོར་གསར་འགོད་པས།