བལ་ཡུལ་འཇང་དགུན་ཆོས་ཐེངས་དང་པོ།

འདི་ག་བལ་ཡུལ་ཁུལ་དུ་ཡོད་པའི་དོལ་རྒྱལ་སྤངས་བླང་ཚུལ་བཞིན་ཞུས་པའི་དགེ་ལུགས་དགོན་པ་ཁག་དགུ་ཐུན་མོང་ནས་མཉམ་བཙུགས་གནང་བའི་བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་ཀྱི་འགོ་ཁྲིད་འོག བོད་ཟླ་༩ ཚེས་༢ ཉིན་འདི་ག་ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་གྲྭ་ཚང་དུ་གོང་གསལ་དགོན་པ་ཁག་གི་སློབ་གཉེར་བ་རྣམས་མཉམ་ཚོགས་ཀྱི་ཚད་མ་རྣམ་འགྲེལ་གྱི་རྩོད་པ་འཇང་དགུན་ཆོས་ཐེངས་དང་པོ་འཚོགས་ཐུབ་པ་བྱུང་བ་དང། དེའི་ཉིན་དང་པོའི་ཉིན་རྒྱབ་ཆུ་ཚོད་༣ པའི་ཐོག་སློབ་གཉེར་བ་རྣམས་འདུ་ཁང་ནང་ཚང་འཛོམས་གནང་བའི་ཚོགས་དབུས་སུ་དགོན་པ་ཁག་གི་མཁན་བླ་རྣམས་དང། ཕྱག་མཛོད་ལས་སྣེ་བཅས་ནས་སྤོས་སྣེ་མཆོད་སྤྲིན་སྔོན་བསུས་ཀྱིས་ྋགོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུས་ཏེ། བཞུགས་ཁྲི་རིན་པོ་ཆེར་བཞུགས་སུ་གསོལ་བ་དང། དབུ་མཛད་ཆེན་མོ་ནས་ཞལ་འདོན་དབུ་འཛུགས་ཐོག་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་༧རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང། དེ་རྗེས་དགོན་པ་ཁག་གི་མཁན་བླ་རྣམས་དང་ལས་སྣེ་རྣམས་ནས་རྟེན་གསུམ་འདེགས་འབུལ་ཞུས་པ་དང། འདུས་མང་ཡོངས་ལ་གསོལ་ཇ་འབྲས་སིལ་ཕུལ་བའི་ཐོག་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་བསྩལ་བའི་ཆོག་མཆན་བཀའ་ཡིག་དང་དེའི་རྗེས་དཔལ་ལྡན་རང་གཞུང་ཆོས་རིག་ལས་ཁུངས་ཀྱི་ཆོག་མཆན་བཀའ་ཡིག་རྣམས་སྙན་སྒྲོན་དང་འབྲེལ་འཇང་དགུན་ཆོས་ཚོགས་དགོས་པའི་དགོས་པ་རྒྱུ་མཚན་དང་མ་འོངས་བྱེད་སྒོ་ཁག་ལམ་སྟོན་ཞུས་པ་དང། དེ་རྗེས་ཚོགས་གཞོན་དང། དྲུང་ཆེ། ཀོ་པན་དགེ་སྐོས་བཅས་ནས་རིམ་བཞིན་བཀའ་སློབ་ལམ་སྟོན་གནང་རྗེས་སྐུ་མགྲོན་རྣམས་ལ་རྟཻན་མཚོན་ལེགས་འབུལ་ཕུལ་ནས་རྩོད་པ་དབུ་འཛུགས་ཞུས་པ་དང། ཉིན་བདུན་རིང་སློབ་གཉེར་བ་རྣམས་ནས་རྩོད་ཟླ་དང་དེའི་རྗེས་འཛིན་གྲྭ་རྩོད་པ་དང། དེ་ནས་དགོན་པ་ཕན་ཚུན་བགྲོ་གླེང་གི་དམ་བཅའ་ཆེན་མོའི་རྩོད་པ་གནད་ལ་སྨིན་པ་གནང་བ་དང། ཉིན་བདུན་གྱི་རྩོད་པ་ལ་བརྟེན་ནས་སློབ་གཉེར་བ་རྣམས་ལ་སྔར་ལས་ལྷག་པའི་རྩོད་པ་ལ་དོན་གཉེར་འཕེལ་བ་སོགས་ཀྱི་སྐབས་འདིའི་དུས་ཐུང་ཡང། ཕན་ཐོགས་རྒྱ་ཆེ་གཏིང་ཟབ་བྱུང་བའི་ཐོག་མ་འོངས་པར་འཇང་དགུན་ཆོས་ལོ་ལྟར་འཚོག་རྒྱུ་གཏན་ཁེལ་བྱུང་བ་དང། སྤྱིར་བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་འདི་ནི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང། ལྷག་པར་འཇམ་མགོན་བླ་མ་ཙོང་ཁ་པ་ཡབ་སྲས་རྣམས་ནས་དག་ཐེར་ལེགས་པར་མཛད་པའི་དཔལ་ན་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པ་འདི་ཉིད་མི་ཉམས་རྒྱུན་འཛིན་དང་གོང་གསལ་དགོན་པ་ཁག་གི་ནང་གཞུང་ཆེན་བཀའ་པོད་ལྔ་ལ་མཚན་ཉིད་ཀྱི་རྩོད་པ་སྲ་བརྟན་ཡོང་སླད་ལོ་ལྟར་གཞུང་ཆེན་སོ་སོར་རྒྱུགས་སྤྲོད་ཆེན་མོ་འཚོག་རྒྱུ་དང། གཞུང་ཆེན་སོ་སོའི་རབ་འབྱམས་པའི་ཕྱག་ཁྱེར་འབུལ་རྒྱུ་དང། ལོ་རེའི་ནང་དགོན་པ་ཕན་ཚུན་དབུ་ཕར་གྱི་གཞུང་ལ་བགྲོ་གླེང་གང་མང་འཚོག་རྒྱུ། དེ་བཞིན་ལོ་རེའི་ནང་མི་མང་ལ་ནང་ཆོས་གོ་རྟོགས་འཕེལ་ཆེད་ནང་ཆོས་བགྲོ་གླེང་གོ་སྒྲིག་ཞུ་རྒྱུ་སོགས་ཀྱི་ལས་འཆར་ཡོད་པའི་ལྷན་ཚོགས་ཤིག་ཡིན་པ་བཅས་སོ།།   
བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་ནས་བོད་ཟླ་༩ ཚེས་༡༠ ལ་ཕུལ།།