སློབ་ཁྲིད་བྱེད་སྟངས་ལ་ཉམས་མྱོང་སྤེལ་རེས།
བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བོད་གཞུང་ཤེས་རིག་ལས་ཁུངས་དང༌། ཁེ་ཎ་ཌའི་ཝན་ཁུ་བར་གྲོང་ཁྱེར་གྱི་སཱར་མན་ཕེ་ར་ཛ་གཙུག་ལག་སློབ་གྲྭའི་དབར་གཉིས་མོས་གྲོས་མཐུན་བཞག་ཡོད་པ་ལྟར། ཕྱི་ཟླ་ ༡༠ དང་ ༡༡ ནང་གོང་གསལ་ཁེ་ཎ་ཌའི་གཙུག་ལག་སློབ་ཁང་གི་དགེ་རྒན་འོས་སྦྱོང་པ་ཕོ་མོ་གྲངས། ༡༦ དང༌། སློབ་སྟོན་པ་གཉིས་བཅས་རྒྱ་གར་དུ་ཉམས་མྱོང་སྤེལ་རེས་ཆེད་སླེབས་ཡོད་པ་དང༌། དགེ་རྒན་འོས་སྦྱོང་པ་རྣམས་ཅོན་ཏ་ར་སློབ་གྲྭ་དང༌། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ ཤེས་རབ་དགའ་ཚལ་སློབ་གླིང་བཅས་སོ་སོར་ཆ་བགོས་བཅའ་སྡོད་ཀྱིས་སློབ་གྲྭ་དེ་ཚོའི་དགེ་རྒན་དང་མཉམ་དུ་ཉམས་མྱོང་སྤེལ་རེས་ཀྱི་སྦྱོང་བརྡར་གནང་ཡོད་པ་རེད།
སྦྱོང་བརྡར་གྱི་བར་མཚམས་སུ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཁེ་ཎ་ཌའི་དགེ་རྒན་འོས་སྦྱོང་པ་དང་གོང་གསལ་བོད་མིའི་སློབ་གྲྭ་ཁག་གི་འབྲེལ་ཡོད་དགེ་རྒན་དབར་ཐེངས་གཉིས་ཙམ་འདུ་འཛོམས་ཀྱིས་དུས་ཐུང་རིང་སློབ་ཁྲིད་ཐབས་ལམ་དང་འབྲེལ་བའི་ཟབ་སྦྱོང་གནང་ཡོད་པ་དང༌། ཟབ་སྦྱོང་རིང་ཁེ་ཎ་ཌ་ནས་ཕེབས་པའི་སློབ་ཁྲིད་ཆེད་ལས་མཁས་པ་ལྕམ་སྐུ་མཱ་ཏི་དང། སྐུ་ཞབས་ཇིམ་སེ་ཨོག་རྣམ་གཉིས་ཀྱིས་སློབ་ཁྲིད་གནང་བ་དང། དེ་བཞིན་སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་ཀརྨ་ཆུང་བདག་དང༌། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་སོགས་ཀྱིས་སློབ་ཁྲིད་གནང་ནས་ཉམས་མྱོང་སྤེལ་རེས་ཀྱི་དུས་ཡུན་རིང་སྦྱོང་བརྡར་བ་རྣམས་བོད་གཞུང་ལས་ཁུངས་ཁག་དང༌། བོད་གཞུང་ཟློས་གར་ཚོགས་པ། བོད་ཀྱི་དཔེ་མཛོད་ཁང༌། བོད་གཞུང་སྨན་རྩིས་ཁང༌། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་སོགས་ལ་གཟིགས་སྐོར་གནང་ཡོད་པ་རེད། གོང་ཚེས་ ༡ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཐེངས་འདིའི་ཉམས་མྱོང་སྤེལ་རེས་ཀྱི་ལས་རིམ་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་གསོལ་སྟོན་ཞིག་ས་རཱ་མཐོ་སློབ་ཏུ་བཤམས་ཤིང༌། གསོལ་སྟོན་ཐོག་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་འཛིན་སྐྱོང་དང་འཆར་འགོད་ཚན་པའི་འགན་འཛིན་དྲུང་འཕར་དངོས་གྲུབ་རྡོ་རྗེ་ལགས་ཆེད་ཕེབས་གནང་སྟེ་གསུང་བཤད་གནང་ཡོད་པར་མ་ཟད། སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་དང༌། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་སྤྱི། ཤེས་རབ་དགའ་ཚལ་སློབ་གླིང་གི་འགན་འཛིན་དང་སློབ་སྤྱི་བཅས་ཀྱང་གསོལ་སྟོན་ལ་ཕེབས་ཡོད་པ་རེད།།