དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་གདན་སར་ཞབས་སོར་འཁོད་པ།

དགའ་ལྡན་ཚ་བ་ཁམས་ཚན་དང་དགའ་ལྡན་བྱང་རྩེ་གྲྭ་ཚང། འབྲས་སྤུངས་ཀླུ་འཁྱིལ་ཁང་ཚན་དགའ་ལྡན་བླ་སྤྱི་རྣམས་ཀྱིས་ཧུབ་ལི་དང་ཏ་ར་སིར། མོན་གྷོ་ས་གནས་ཉེ་འགྲམ་སོགས་སུ་ཕེབས་བསུ་རིམ་པ་བཞིན་མཛད་ནས་གདན་ས་ཆེན་པོ་དགའ་ལྡན་ཤར་བྱང་གཉིས་ཀྱི་དགེ་འདུན་འདུས་མང་ཡོངས་ཀྱིས་ཕེབས་བསུ་སེར་ཕྲེང་དང་མཁན་བླ་རྣམས་ཀྱིས་སྤོས་སྣེས་གདན་ཞུའི་ཐོག་ཚོགས་ཆེན་འདུ་ཁང་བརྒྱུད་ནས་དགའ་ལྡན་ཚ་བ་ཁང་ཚན་དུ་ཕེབས་བསུའི་མཛད་སྒོ་འཚོགས་ཡོད་པ་རེད། དེ་བཞིན་གདན་ས་ཆེན་པོ་འབྲས་སྒོ་གཉིས་ཀྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་དགེ་འདུན་འདུས་མང་ཡོངས་ཀྱིས་ཕེབས་བསུའི་སེར་ཕྲེང་དང་མཁན་ལས་ཟུར་རྣམས་ཀྱིས་གུས་བསུའི་འཚམས་ཞུ་ཕུན་སུམ་ཚོགས་པས་སྤྱན་དྲངས་ཏེ་མཁས་མང་བློ་གསལ་གླིང་གྲྭ་ཚང་གི་གཙུག་ལག་ཁང་གི་མི་འཇིགས་གདོང་ལྔའི་བཏེགས་པའི་ཁྲི་འཕང་མཐོན་པོར་ཞབས་སོར་བཀའ་དྲིན་འཁོད་པ་དང་བསྟུན་མཁན་ལས་ཟུར་རྣམ་པ་དང་བླ་སྤྲུལ་ཁག བཀའ་རམས་དགེ་བའི་བཤེས་གཉེན་རྣམ་པ། གནས་བརྟན་བགྲེས་སོང་རྣམ་པ། ཁང་ཚན་ཉེར་ལྔའི་ཁང་རྒན་བཅས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲས་སིལ་གསོལ་ཇ་འབུལ་བཞེས་གནང་ཡོད་པ་རེད། དེ་རྗེས་འབྲས་བློ་གླིང་ཀླུ་འཁྱིལ་ཁང་ཚན་གྱིས་འདུས་མང་ཡོངས་ཀྱིས་ཕེབས་བསུའི་ཐོག་༧སྐྱབས་རྗེ་ཁྲི་རིན་པོ་ཆེ་མཆོག་ཞབས་སོར་བདེ་བར་འཁོད་དེ་ཉིན་འདིའི་རྟེན་འབྲེལ་མཛད་སྒོ་ལེགས་འགྲུབ་བྱུང་ཡོད་པ་རེད།
མོན་གྷོ་གསར་འགོད་པས།