ཁམས་པ་སྒར་གྱི་མཁན་པོའི་ཁྲི་སྟོན་མཛད་སྒོ།

རྒྱ་གར་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་དུ་སློབ་གཉེར་གནང་བ་བྱམས་པ་ཡོན་ཏན་དང། ངག་དབང་བཟང་པོ་གཉིས་མཁན་པོར་མངའ་གསོལ་དང། སྐྱོར་དཔོན་ཁག་ཅིག་ལ་ལེགས་སྐྱེས་གནང་སོང་བ་དང། བཤད་གྲྭ་དེ་ནས་ཕར་ཕྱིན་སློབ་ཐོན་པ་རྣམས་ལ་ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར་དང་གཟིགས་གསོལ་སོགས་གནང་ཡོད་པ་རེད།

མཛད་སྒོ་དེ་ཞོགས་པ་ཆུ་ཚོད་༩ ཐོག་དབུ་འཛུགས་གནང་སོང་ལ། སྐུ་མགྲོན་དུ་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ཆེད་ཕེབས་གནང་འདུག་པ་དང།  ཆོས་སྡེ་དེའི་བླ་སྤྲུལ་རྣམས་བཞུགས་ཁྲིར་ཞབས་སོར་འཁོད་མཚམས། དཀོན་མཆོག་རྗེས་དྲན་དང། མཛད་པ་བཅུ་གཉིས་ཀྱི་བསྟོད་པ་ཁག་གཉིས། རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ། ཀུན་མཁྱེན་གསོལ་འདེབས་སོགས་གྲུབ་མཚམས། ༧སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་མཆོག་གིས་བོད་གངས་རིའི་ལྗོངས་སུ་བཤད་པའི་བཀའ་བབས་ས་དགེ་གཉིས་དང། སྒྲུབ་པའི་བཀའ་བབས་བཀའ་རྙིང་གཉིས་ཞེས་གསུང་སྲོལ་ཡོད་ཀྱང། ས་དགེ་གཉིས་ལ་བཤད་པ་ལས་སྒྲུབ་པ་མེད་པ་མ་ཡིན་ཞིང། བཀའ་རྙིང་གཉིས་ལ་སྒྲུབ་པ་ལས་བཤད་པ་མེད་པའང་མིན་ཞེས་དང། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་བཤད་སྒྲུབ་གཉིས་ཁོ་ནས་སྐྱོང་དགོས་པ་དང། བཤད་པ་སྒྲུབ་པ་གཉིས་ཡ་བྲལ་དུ་མ་སོང་བ་ཞིག་གནང་དགོས་ཚུལ་སོགས་དང། བོད་ལ་ཡ་ང་བའི་དུས་འགྱུར་བྱུང་ནས་བཙན་བྱོལ་དུ་འབྱོར་བའི་སྐབས་རིས་མེད་མེད་ཀྱི་སློབ་གཉེར་གནང་ཡུལ་སྦག་ས་ཆོས་སྒར་དེ་བཞིན་ཐོག་མ་སྐྱབས་རྗེ་འབྲུག་ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་རྣམས་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་ལ་དགོངས་ཚུལ་ཞུས་པ་ལས་བྱུང་བ་ཞིག་ཡིན་སྐོར་སོགས་བཀའ་སློབ་ཟབ་རྒྱས་གནང་སོང། དེ་རྗེས་དཔལ་ལྡན་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་སངས་རྒྱས་ཀྱི་བསྟན་པ་ཉག་ཕྲ་བའི་སྐབས་འདིར་དགེ་འདུན་པ་རྣམས་ཀྱིས་བསྟན་པའི་མིག་ལྟོས་ཁོ་ན་ལ་དགོངས་ནས། དད་ལྡན་དང་བ་འདྲེན་པའི་མིག་རྒྱན་དང། འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་ས་རུ་འགྱུར་ཐུབ་པ་ཞིག་ལས། ཁྱིམ་པ་སུན་འབྱིན་དུ་མི་འགྱུར་བ་ཞིག་གི་ཐོག་ཐོས་བསམ་སློབ་གཉེར་ལ་འབད་བརྩོན་གནང་དགོས་པ་སོགས་བཀའ་སློབ་ཟབ་རྒྱས་གནང་སོང།

དེ་རྗེས་༧རྒྱལ་བ་མདོ་ཁམས་པའི་མཆོག་སྤྲུལ་རིན་པོ་ཆེ་ནས་མཁན་པོ་གསར་པ་གཉིས་ལ་མཚན་རྟགས་དང་དབུ་ཞྭ། ན་བཟའ་སོགས་གཟིགས་གསོལ་གནང་བ་དང། ཆོས་མགོན་རིན་པོ་ཆེ་མཆོག་ནས་སྐྱོར་དཔོན་རྣམས་ལ་མཇལ་དར་གནང། གྲུབ་དབང་རྡོ་རྫོང་རིན་པོ་ཆེ་མཆོག་ནས་ཕར་ཕྱིན་སློབ་ཐོན་པ་རྣམས་ལ་ཕར་ཕྱིན་རབ་འབྱམས་པའི་ཕྱག་ཁྱེར་གཟིགས་གསོལ་གནང། དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་བཤད་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཨང་རིམ་རྩེར་སོན་རྣམས་དང། ཁམས་སྒར་རིག་སློབ་ཁང་གི་སློབ་མ་བློ་རྒྱུགས་འཕྲོད་མཁན་རྣམས་ལ་བྱ་དགའ་གསོལ་རས་གནང་བའི་རྗེས་སུ། གནས་བརྟན་ཕྱག་མཆོད་དང་འཁོར་ལོ་ལྔ་བརྩེགས་མ་གསུང་བཞིན་མཁན་པོ་གཉིས་ལ་བླ་སྤྲུལ་དང་སེར་སྐྱ་མི་མང་ཡོངས་ནས་མཇལ་དར་ཕུལ་སོང་བ་དང། མཇུག་ཏུ་བཀྲ་ཤིས་སྨོན་ལམ་གྱིས་མཐའ་བརྒྱན་ནས་མཛད་སྒོ་ལེགས་གྲུབ་བྱུང་ཡོད་པ་རེད།།