རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན།
ཟླ་འདིའི་ཚེས་༡༨ ཉིན་ནས་ཉིན་གཉིས་རིང་ཨི་ཊ་ལི་རྒྱལ་ས་རོམ་དུ་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་དེ་ཡུལ་དེའི་གྲོས་ཚོགས་འོག་མའི་ཚོགས་ཁང་དུ་འཚོགས་ཡོད་པ་དང། ཚོགས་ཐོག་ཏུ་ྋགོང་ས་མཆོག་ཨི་ཊ་ལིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་གིས་ཕེབས་བསུ་ཞུས་པ་དང། ྋགོང་ས་མཆོག་གིས་ཚོགས་ཐོག་ཏུ་བཀའ་སློབ་གནང་ཡོད་པ་རེད། སྐབས་དེར་རྒྱལ་ཁབ་ཉི་ཤུ་རྩ་བརྒྱད་ཀྱི་གྲོས་ཚོགས་མི་དང། ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་བརྒྱབ་ལྷག།བོད་གཞུང་གི་བཀའ་བློན་ཁྲི་པ་དང། ཕྱི་དྲིལ་བཀའ་བློན། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གཙོས་པའི་སྤྱི་འཐུས་༡༨ བོད་གཞུང་གི་སྐུ་ཚབ་དོན་གཅོད་ཁག་ཕེབས་ཡོད་པ་རེད། དེའི་ཐོག་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་དང། ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་གཉིས་ཀྱིས་བོད་རྒྱ་འབྲེལ་མོལ་སྐོར་ལ་གསུང་བཤད་གནང་ཡོད་པ་རེད། རྒྱལ་ཁབ་ཁག་གིས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་གསུང་བཤད་དང། བོད་རྒྱ་ཞི་མོལ་གྱི་སྐོར་དང། རང་སྲིད་རང་སྐྱོང་སྐོར་ལ་ཕན་ཚུན་བགྲོ་གླེང་གནང་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་ཆེན་དེ་མ་འཚོག་པའི་ཉིན་གཅིག་གི་སྔོན་ཚོགས་ཆེན་དེའི་སྐོར་གསུང་དོན། ཚོགས་ཆེན་དེ་འཚོགས་པ་ཙམ་གྱིས་ཆབ་སྲིད་ཀྱི་གོ་རྟོགས་ཤིག་ཡོང་གི་ཡོད་པ་རེད། འཛམ་བུ་གླིང་གི་ནང་ཆབ་སྲིད་ཀྱི་སྡིངས་ཆ་མང་པོ་ཞིག་ཡོད་པས། རྒྱལ་ཁབ་མང་པོའི་ནང་གི་གྲོས་ཚོགས་འཐུས་མི་ཚོ་མཉམ་འཛོམས་བྱས་ཡོད་པས། བོད་དོན་རྒྱབ་སྐྱོར་བྱེད་ཕྱོགས་ལ་ཐབས་ཇུས་གསར་པ་ཞིག་ཡོང་ཐབས་ལ་རེ་བ་བྱེད་ཀྱི་ཡོད་གསུངས་ཡོད་པ་རཻད། ཐེངས་འདིའི་ཚོགས་ཆེན་ཐོག་མཉམ་ཞུགས་གནང་འདོད་ཡོད་པའི་ལྷོ་ཀོ་རི་ཡ་དང། ཨུ་རུ་སུ། ཁམ་བྷོ་ཊ། ཨར་རྗན་ཊི་ན་བཅས་ཀྱི་འཐུས་མི་རྣམས་རྒྱ་ནག་གི་གནོན་ཤུགས་འོག་ཕྱིན་འཐེན་བྱེད་དགོས་བྱུང་ཡོད་པའི་གནས་ཚུལ་ཡང་བརྒྱུད་ལམ་ཁག་ཏུ་སྤེལ་ཡོད་པ་རེད།།