ཁམས་ནང་ཆེན་དུ་བཀའ་བརྒྱུད་སྨོན་ལམ་ཆེ་མོ་ཐེངས་བརྒྱད་པ་ཚོགས་ཡོད་པ།
དེ་ཡང་རྒྱལ་བསྟན་ཡུན་གནས་དང་། གངས་ལྗོངས་བདེ་རྩར་དམིགས་པའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདི་བཞིན་ཉེ་བའི་ལོ་ཤས་སྔོན་ནས་བདག་ཅག་གི་སྟོན་པ་ལྷ་ལས་བབ་པའི་དུས་ཆེན་དང་སྟབས་བསྟུན་སྟེ་ལོ་བསྟར་ཆགས་ཀྱིས་བོད་མདོ་ཁམས་ནང་ཆེན་རྫོང་ཐོག་ཏུ་ཚོགས་བཞིན་ཡོད། འོན་ཀྱང་སྔ་ལོར་བོད་ས་སྟོད་སྨད་བར་གསུམ་དུ་བོད་མི་རྣམས་ཀྱིས་ཞི་བའི་གྱེན་ལང་བྱུང་བར་རྒྱ་གཞུང་གིས་དྲག་པོའི་བཙན་གནོན་མི་སྤྱོད་ལས་འདས་པ་བཏང་བ་མ་ཟད། ནམ་རྒྱུན་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་ཀྱང་བཀག་སྡོམ་བྱས་པའི་རྐྱེན་གྱིས། བཀའ་བརྒྱུད་སྨོན་ལམ་ཆེ་མོ་དེའང་སྔ་ལོར་ཚུགས་ཐུབ་མེད་པ་རེད། ཡིན་ནའང་འདི་ལོ་ཕྱི་ཟླ་བཅུ་གཅིག་པའི་ཚེས་དགུ་དང་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་ཉིན་དབུ་འཛུགས་ཀྱིས་དཔལ་མཉམ་མེད་བཀའ་བརྒྱུད་པའི་སྨོན་ལམ་ཆེན་མོ་ཐེངས་བརྒྱད་པ་དེ་ཉིད་ཟླ་དེའི་ཕྱི་ཚེས་བཅུ་བཞིའི་ཉིན་བར་ཚོགས་ཐུབ་ཡོད་པ་མ་ཟད། ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་པ་དྲུག་སྟོང་ལྷག་འདུ་འཛོམས་བྱུང་ཡོད་འདུག སྤྱིར་བཀའ་བརྒྱུད་སྨོན་ལམ་ཆེན་མོ་འདི་ཉིད་ཐོག་མར་དབུ་ཚུགས་སྐབས་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་བླ་ཆེན་ཁག་སྨོས་མེད་ཐོག་ཆོས་བརྒྱུད་གཞན་གྱི་བླ་ཆེན་མང་པོ་ཞིག་གདན་ཞུས་ལྟར་ཕེབས་ཏེ་གངས་ལྗོངས་བདེ་རྩར་དམིགས་པའི་སྨོན་ལམ་ཆེན་མོ་འདིར་ཐུགས་སྨོན་དང་དགེ་རྩ་ལྷན་ཚོགས་ཀྱི་ཆོས་ཀྱི་མཛད་སྒོ་རྒྱ་ཆེན་པོ་བྱུང་ནས་སེར་སྐྱ་མི་མང་ཡོངས་ལ་་དད་པའི་མིག་རྒྱན་ཞིག་ཏུ་གྱུར་ཏེ་ལོ་རེ་བཞིན་ཕྱོགས་མཐའ་ཁག་ནས་སེར་སྐྱ་མང་ཚོགས་རྣམས་སྨོན་ལམ་འདིར་བཅར་མཁན་ཇེ་མང་དུ་གྱུར་ཡོད།