མི་ལོ་གཅིག་འཁོར་བའི་མྱ་ངན་དྲན་གསོ།

དེ་ཡང་ཟླ་འདིའི་ཚེས་༢༦ ཉིན་ནི་པཱ་ཀི་སི་ཐན་གྱི་ས་ཁུལ་ནས་ཡོང་བའི་འཇིགས་སྐུལ་དྲག་སྤྱོད་པས། རྒྱ་གར་གྱི་ཏཱ་ཇི་མགྲོན་ཁང་ཆེན་མོའི་ནང་དྲག་སྤྱོད་བྱས་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་མྱ་ངན་གྱི་དུས་དྲན་ཆེན་པོ་ཞིག་འཚོགས་ཡོད་པ་རེད། སྐབས་དེར་རང་སྲོག་ཤོར་མཁན་གྱི་ནང་མི་ཉེ་འབྲེལ་དང་ཡུལ་མི། དཔོན་རིགས་ཁག སྒྱུ་རྩལ་བ་སོགས་མི་ཕོན་ཆེན་འཛོམས་ནས་མར་མེས་ཕྲེང་བ་བསྐོར་ཏེ། ཉེས་མེད་ཀྱི་ཡུལ་མི་དང་འཇིགས་སྐུལ་བར་འཐབ་རྒོལ་གྱི་ཚེ་སྲོག་ཤོར་མཁན་བཅས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་བསྔོ་སྨོན་བྱས་ཡོད་པ་རེད།

དེ་དང་འབྲེལ་ནས་སྔོན་དུས་འཇིགས་སྐུལ་དྲག་སྤྱོད་པ་༡༠ ནང་ནས། ཀཱ་སབ་ཟེར་བའི་དྲག་སྤྱོད་པ་གཅིག་གསོན་པོ་རྒྱ་གར་དྲག་པོའི་དམག་མིས་འཛིན་བཟུང་བྱས་ཡོད་པས། ད་དུང་ཡང་སྲོག་ཐོག་མ་བཏང་བར་ཁྲིམས་བཤེར་བྱེད་བཞིན་ཡོད་པ་དང༌། ད་ལྟའི་བར་ཁྲིམས་བཤེར་གྱི་འགྲོ་གྲོན་ཚོད་རྩིས་བྱེད་སྐབས། ཧིན་སྒོར་ས་ཡ་༣༡༠ ལྷག་ཙམ་སོང་ཡོད་པས། དྲག་སྤྱོད་པ་གཅིག་ལ་རིན་གོང་མཐོན་པོ་གནས་སོང་ཟེར་ནས་ཟུར་ཟའི་སྐྱོན་བརྗོད་བྱེད་མཁན་མང་པོ་འབྱུང་བཞིན་ཡོད་པ་རེད། རྒྱ་གར་གཞུང་གིས་འགྲོ་སོང་ལ་མ་བལྟས་བར་གཙོ་བོ་དྲག་སྤྱོད་པའི་འབྱུང་ཁུངས་ཤེས་ཐབས་སུ་ཡིན་ཚུལ་བརྗོད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

This will close in 0 seconds