གོ་མཚོན་གྱི་ཆེད་དུ་ཧིན་སྒོར་ས་ཡ་བརྒྱ་ཡི་རོགས་རམ།

དེ་ཡང་ཟླ་འདིའི་ཚེས་༢༧ ཉིན་གསར་ལམ་ཁག་ནས་ཀ་ཐཱ་མན་ཌུས་སྦྲགས་ལམ་ཟེར་བའི་ནང་འཁོད་པའི་གནས་ཚུལ་ལུང་འདྲེན་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་དམག་གི་སྦྱོང་བརྡར་སོགས་ཀྱི་ཆེད་དུ་ཉེན་ཁ་མེད་པའི་གོ་མཚོན་སོགས་ཧིན་སྒོར་ས་ཡ་བརྒྱ་ཡི་རོགས་རམ་བྱེད་རྒྱུ་ཡིན་པའི་དགོས་འདུན་བཏོན་ཡོད་པ་དང༌། དེ་བཞིན་དུ་འབྱུང་འགྱུར་ལོ་རེའི་ནང་ས་ཡ་༡༦༠༠ ཙམ་གྱིས་རོགས་རམ་ཆད་མེད་བྱེད་རྒྱུར་གྲོས་འཆམ་བྱུང་ཡོད་པ་རེད། ད་དུང་རྒྱ་གར་དམར་ཕྱོགས་ཚོགས་པ་དང་མའོ་འཇབ་རྒོལ་དམག་དཔུང་ལའང༌། རྒྱ་ནག་གི་གོ་མཚོན་གྱི་རོགས་རམ་ཕོན་ཆེན་འབྱོར་བཞིན་ཡོད་པའི་སྐོར། རྒྱ་གར་གཞུང་གིས་དཔང་རྟགས་མངོན་གསལ་ཅན་རྙེད་ཡོད་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།
ལོ་སྔོན་མ་བོད་དུ་གྱེན་ལངས་ཆེན་པོ་བྱེད་སྐབས་བལ་ཡུལ་དུ་བོད་མི་ཚོས་ལས་འགུལ་ཤུགས་ཆེན་སྤེལ་ཡོད་པས། རྒྱ་གཞུང་གིས་བལ་ཡུལ་དུ་སྐུ་ཚབ་རིམ་བཏང་བྱས་ཏེ། བལ་གཞུང་གིས་བོད་མི་ཚོར་དམ་དྲག་བྱེད་དགོས་པའི་སྐུལ་མ་ཐེངས་མང་བཏང་ཡོད་པ་དང༌། ད་ཐེངས་བལ་དམག་ལ་རོགས་རམ་ཕོན་ཆེན་བྱས་པ་དེའང༌། གཙོ་བོར་བོད་མི་ཚོར་ལས་འགུལ་འདྲ་མིན་སྤེལ་རྒྱུ་བཀག་འགོག་དང༌། བལ་ཡུལ་གྱི་ས་མཚམས་དང་འདྲེས་ནས་རྒྱ་གར་ལ་འཇིགས་སྐུལ་བྱེད་པའི་དམིགས་ཡུལ་བཅངས་ཡོད་པ་རེད་ཅེས་གསར་ལམ་ཁག་ནས་བརྗོད་ཡོད་པ་རེད།
དེ་བཞིན་བོད་ནས་བལ་ཡུལ་བརྒྱུད་དེ་བཙན་བྱོལ་དུ་ཡོང་མཁན་ལོ་རེའི་ནང་བོད་མི་གྲངས་༢༥༠༠ ནས་ ༣༠༠༠ ཡས་མས་ཡོང་གི་ཡོད་པ་དེ། ལོ་སྔོན་མའི་གྱེན་ལངས་དེ་ནས་རྒྱ་བལ་གཞུང་གཉིས་ཀས་དམ་དྲག་ནན་པོ་བྱས་པས། དེང་སྐབས་བཙན་བྱོལ་དུ་ཡོང་བར་ཧ་ཅང་དཀའ་ངལ་འཕྲད་བཞིན་ཡོད་པ་དང༌། ཉེ་དུས་བལ་གཞུང་གིས་བལ་བོད་གཉིས་ཀྱི་ས་མཚམས་ལ་དམག་དཔུང་བཏང་ནས་དམ་དྲག་བྱེད་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།