ཨ་རུ་ན་ཅལ་དུ་ཆིབས་བསྒྱུར་དང་མི་མང་གི་རེ་བ།
དེའི་སྐབས་བོད་ཀྱི་མི་སེར་རྣམས་རང་ལུས་རང་ལ་དབང་བ་དང། རང་ཁ་རང་གིས་གསོ་བ། རང་ས་རང་གིས་ཟིན་པ། རང་སྐད་རང་གིས་རྒྱག་པ། རང་གི་སྐད་ཡིག་རང་གིས་བེད་སྤྱོད་ཐུབ་པ་བཅས་ཕ་མེས་ཀྱི་སྲོལ་བཟང་ལུགས་གཉིས་ལ་བག་ཡངས་སུ་སྤྱོད་རྒྱུ་ཡོད་པ་ནི་ཁ་ཙམ་མ་ཡིན་པར་དོན་དམ་པའི་བདེ་སྐྱིད་ཀྱི་སྣོད་བཅུད་ཅིག་ཡིན་པ་ངོས་འཛིན་ཐུབ།
ལོ་རྒྱུས་ནང་འཕེལ་འགྲིབ་སྣ་ཚོགས་དང་ཆབ་སྲིད་ཀྱི་ཕྱོགས་ནས་བརྗེ་ལེན་ལྟར་འགྱུར་བ་རིམ་པ་བྱུང་ཡོད་ཀྱང་དོན་དུ་བོད་ཀྱི་ལུགས་སྲོལ་དང༌། གོམས་གཤིས། རིག་གཞུང༌། སྒྱུ་རྩལ། སྐད་ཡིག ཆོས་ལུགས་ཀྱི་བྱེད་སྒོ་བཅས་ལ་གཅིག་གྱུར་གྱི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་སྟོབས་ཤུགས་ཨེ་ཤ་ཡའི་རྒྱལ་ཁབ་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པར་རང་ཚུགས་འཛིན་ཐུབ་པ་ཞིང་བྱུང་ཡོད་པ་སུས་བསྙོན་ནུས། སྔར་ཇིང་གི་སི་ཁང་དང་སོག་རྒྱལ་རིམ་བྱོན། རྒྱ་ནག་མིང་རྒྱལ་རབས་སོགས་རྒྱ་རྒྱལ་རིམ་བྱོན། ྋགོང་ས་ལྔ་པ་ཆེན་པོའི་སྐུ་དུས་ནས་མན་ཇུ་གོང་མ་དང་མཆོད་ཡོན་དུ་འབྲེལ་ཏེ་ཕན་ཚུན་བསྟུན་རེས་ཀྱི་གནས་ཡོད་པ་ལས་གཅིག་འོག་གཅིག་ཏུ་གནས་མེད་པ་གསལ་པོ་ཡིན་ཏེ། ལོ་དུས་སྔ་ཕྱི་ལྟར་སོག་དམག་བོད་ནས་མཐར་སྐྲོད་བྱས་པ་དང༌། གོར་ཥའི་དམག་མཐར་སྐྲོད་བཏང་བ། དབྱིན་ཇི་དམག་མཐར་སྐྲོད་བཏང་བ། མན་ཇུའི་ཨམ་བན་དང་རྒྱ་དམག་མཐར་སྐྲོད་བཏང་བ་བཅས་ཀྱིས་བོད་རྒྱལ་ཁབ་ཀྱི་བདག་དབང་བོད་མི་རིགས་གཅིག་པུར་ཡོད་པ་ཤེས་ཐུབ། ྋགོང་ས་སྐུ་ཕྲེང་བཅུ་གསུམ་པས། དཔུང་དམག་གི་སྒྲིག་འཛུགས་ཚགས་ཚུད་དུ་གཏོང་བ་དང༌། བོད་དངུལ་ཤོག་ལོར་དང༌། གསེར་དངུལ་ཟངས་ལྕགས་ཀྱི་ཊམ་ཁ། སྦྲག་ཐམ། སྦྲག་རྟགས། ཕྱི་བསྐྱོད་ལག་ཁྱེར་སོགས་གཏན་འབེབས་གསར་སྐྲུན་གནང་བ་བཅས་ཀྱིས་ཀྱང་བོད་རྒྱལ་ཁབ་འདི་རྒྱལ་ཁབ་གཞན་གྱི་ཆ་ཤས་སུ་མིན་པ་དངོས་ཡོད་ལོ་རྒྱུས་ཀྱི་བདེན་དཔང་བྱེད་ཐུབ། དེ་དག་ལོ་རྒྱུས་ནང་བྱུང་བའི་གནད་དོན་ཁ་ཤས་བརྗོད་པ་ཡིན།
གླེང་གཞི་གཙོ་བོ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ན་ཅལ་དུ་གདན་ཞུ་གནང་བ་སོགས་ལོ་ཤས་སྔོན་ནས་དད་དམ་འགྱུར་བ་མེད་པའི་ཡུལ་དེར་གནས་པའི་སྐྱ་སེར་ཚང་མའི་རེ་འདུན་ཡིན་ཡང༌། ྋགོང་ས་མཆོག་མཛད་བྲེལ་དང་བསྟུན་ནས་ཕྱི་ལོ་༢༠༠༩ ཟླ་༡༡ པའི་ཚེས་ཤར་ལ་ཕེབས་ཆོག་པའི་བཀའ་བཟང་ཕེབས་ཡོད་ཀྱང་ཡོངས་གྲགས་དེ་ཙམ་གནང་མེད། ཟླ་ཤས་སྔོན་ནས་འབྲེལ་ཡོད་སོགས་ཀྱིས་བརྒྱུད་བསྒྲགས་གནང་བས་རྒྱ་གར་དབུས་སའི་དཔོན་རིགས་མང་པོས་ྋགོང་ས་མཆོག་རང་དབང་གི་ཐོག་ནས་ཕེབས་བཞུགས་ཆོག་པ་སུས་ཀྱང་འགོག་རྐྱེན་བཟོ་མི་ཐུབ་པ་སོགས་གསུངས་པ་གསར་འགྱུར་བརྒྱུད་ལམ་གྲགས་ཅན་མང་པོའི་ནང་ཐོན་ཡོད། འཇིག་རྟེན་གྱི་ཁ་དཔེར། “ལྷ་བྱ་དཀར་པོའི་གཤོག་འདབ་ལ། ལྟས་ངན་སྲིན་བྱ་སེར་པོ་འཁུན་”ཟེར་བ་བཞིན་རྒྱ་ནག་གུང་ཁྲན་གཞུང་ནས་རྒྱ་གར་གཞུང་ལ་སྡིག་གཏམ་དང༌། ྋགོང་ས་མཆོག་ལ་མཚན་སྨད་ཀྱིས་ཨ་རུ་ན་ཅལ་དུ་ཕེབས་མི་ཆོག་པའི་བསྒྲགས་གཏམ་རིམ་པ་སྤེལ་ཡོད། རྒྱ་གར་དབུས་སའི་དཔོན་རིགས་ཀྱིས་བསྐྱར་བརྗོད་ནན་བརྗོད་ཀྱིས་ཕྱི་ཕྱོགས་སུ་རྣམ་འགྱུར་ཇི་འདྲ་བསྟན་ཡང་རྒྱ་གཞུང་གི་བསྒྲགས་གཏམ་ལ་དུས་ཐོག་ལན་འདེབས་ཀྱིས་འཛེམ་ཟོན་གང་ཡང་གནང་མེད། ཉེ་ཆར་རྒྱ་དཀར་ནག་གི་སྲིད་བློན་རྣམ་གཉིས་ཐུག་འཕྲད་སྐབས་གནད་དོན་འདི་ཉིད་གླེང་སློང་བྱས་ཡོད། རྒྱ་གར་གཞུང་ནས་མང་གཙོའི་ལྟ་གྲུབ་གཙིགས་འཛིན་དང༌། མང་གཙོའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོབ། དྲང་པོའི་ཐོག་ལོ་རྒྱུས་ཀྱི་གནས་བབ་ལ་འགྱུར་མེད་རང་ཚུགས་འཛིན་ཐུབ་པ་དེར་བསྔགས་བརྗོད་བྱ་ཡུལ་དུ་གྱུར། རྒྱ་གར་མི་སེར་མང་པོས་རང་གི་རྒྱལ་ཁབ་ཀྱི་སྲིད་བློན་དང་དཔོན་རིགས་སོགས་ཀྱང་ཡུལ་དེར་ཕེབས་སྐབས་རྒྱ་ནག་གཞུང་གིས་རྒོལ་གཏམ་སྤེལ་བ་ལ་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་པ་སྤེལ་ཡོད་པ་དང༌། རྒྱ་ནག་གཞུང་གི་སྐར་ལྔའི་དར་དམར་མེར་སྲེག་དང༌། “རྒྱ་གར་དང་བོད་དབར་ས་མཚམས་ཀྱི་ཐ་སྙད་ལས་རྒྱ་གར་དང་རྒྱ་ནག་གི་ས་མཚམས་ཀྱི་ཐ་སྙད་ཡེ་ནས་མེད་”ཅེས་ཚིག་ཐག་ཆོད་པོས་གླེང་སློང་བྱས་ཡོད། ངས་བལྟས་ན་དེ་དག་ལོ་རྒྱུས་ཀྱི་རང་བཞིན་ལ་གཙིགས་སུ་བཟུང་བ་ཞིག་ལ་ངོས་འཛིན་བྱ་ཆོག་སྙམ། སྔོན་བོད་རྒྱལ་རྩེ་བཅའ་སྡོད་དབྱིན་གཞུང་གི་ཚོང་སྤྱི་དང༌། གོར་ཥའི་གཞུང་ཚབ། མན་ཇུའི་ཨམ་བན་བཅས་ལ་སོ་སོའི་གོ་གནས་ལས་བོད་གཞུང་གི་འཛིན་སྐྱོང་ཞི་དྲག་གང་ལའང་ཐེ་གཏོགས་བྱ་ནུས་ཀྱི་དབང་ཚད་མེད། དེར་མ་ཟད་སྔོན་བཙན་པོའི་རྡོ་རིང་ནང་“བོད་བོད་ཡུལ་དུ་སྐྱིད། རྒྱ་རྒྱ་ཡུལ་དུ་སྐྱིད་”ཅེས་ཚིག་བཙན་པོ་འཁོད་པ་དང་ས་མཚམས་ཀྱི་རྡོ་རིང་ཡང་བསླངས་ཡོད། ཕྱིས་སུ་གོར་ཥ་དང་བོད་གཞུང་དབར་ས་མཚམས་ཆིངས་ཡིག་བཞག་པ་དང༌། བོད་ཆུ་གླང་ཕྱི་ལོ་༡༩༡༣ ལོར་བོད་དང་ཕྱི་སོག་དབར་གཉིས་མོས་ཆིངས་ཡིག་བཞག་པ་དང༌། ཤིང་སྟག་སིམ་ལའི་ཆིངས་ཡིག་ཕྱི་ལོ་༡༩༡༤ ཟླ་ ༧ ཚེས་ ༣ ཉིན་བོད་གཞུང་གི་སྐུ་ཚབ་བློན་ཆེན་བཤད་སྒྲ་དཔལ་འབྱོར་རྡོ་རྗེ་དང་ཕྱག་རོགས། དེ་དུས་རྒྱ་གར་དབྱིན་གཞུང་སྐུ་ཚབ་ཕྱི་འབྲེལ་བློན་ཆེན་མེག་མ་ཧོན་དང་ལས་རོགས་བཅས། རྒྱ་ནག་གཞུང་གི་སྐུ་ཚབ་ཨེ་ཕན་ཆན་དང་ལས་རོགས་བཅས་ལྷན་འཛོམས་ཀྱིས་སིམ་ལའི་ཆིངས་ཡིག་ཟིན་བྲིས་དེར་རྒྱ་ནག་གཞུང་གི་སྐུ་ཚབ་ཀྱིས་མིང་རྟགས་བརྒྱབ་ཡོད་ཀྱང་ཆིངས་ཡིག་ངོ་མ་དེར་ཀ་ཀོར་ཁོ་ན་བྱས་ཏེ་མིང་རྟགས་དང་དམ་ཕྲུག་རྒྱག་རྒྱུ་བྱུང་མེད། མཐའ་མར་རྒྱ་ནག་གི་སྐུ་ཚབ་ཡོད་ས་རང་ལ་ཆིངས་ཡིག་ངོ་མར་དབྱིན་བོད་གཉིས་ཀྱི་སྐུ་ཚབ་སོ་སོས་དམ་ཕྲུག་དང་མིང་རྟགས་བརྒྱབ་པ་མ་ཟད། དབྱིན་བོད་གཉིས་མོས་ཀྱི་ཟུར་དུ་ཆིངས་ཡིག་ཅིག་ཀྱང་བཞག་ཡོད། དབྱིན་བོད་དབར་ཟུར་དུ་བཞག་པའི་ཆིངས་ཡིག་དེའི་བརྗོད་དོན་གཙོ་བོར་རྒྱ་གཞུང་ནས་ཆིངས་ཡིག་ངོ་མར་མིང་རྟགས་མ་བཀོད་པར་བརྟེན། ཆིངས་ཡིག་དེའི་ནང་“རྒྱ་ནག་གཞུང་ལ་ཐོབ་ཐང་གང་ཡོད་རྣམས་ལ་དབྱིན་བོད་གཉིས་ཀྱིས་ཆ་འཛིན་མེད་”ཅེས་གསལ་པོ་འཁོད་ཡོད་ན་སྔར་བྱུང་ལོ་རྒྱུས་ལས་བྱུང་བའི་གདན་དོན་དེ་དག་ད་ལྟའི་རྒྱལ་ཁབ་ཀྱི་དཔོན་རིགས་དང་འབངས་མི་སེར་རྣམས་ཀྱི་ཡིད་ངོར་འཆར་དགོས།
མོན་རྟ་དབང་སོགས་ནས་ྋགོང་ས་མཆོག་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་དང་དངོས་སུ་འབྲེལ་བ་ཆགས་ཡོད། དེ་གསལ་པོ་བརྗོད་ན་ྋགོང་ས་ལྔ་པ་ཆེན་པོ་ནས་རྟ་དབང་དགོན་དེ་གསར་རྒྱག་སོགས་ཀྱི་འབྲེལ་བ་ཡོད་པ་དང༌། ྋགོང་ས་སྐུ་ཕྲེང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་ཡུལ་དེར་དངོས་སུ་འཁྲུངས་པ་དང༌། ཡུལ་དེར་གནས་པའི་སྐྱ་སེར་རྣམས་ནང་པ་སངས་རྒྱས་པའི་ཆོས་ཀྱི་རྗེས་འཇུག་ཆགས་ཡོད་ན་ྋགོང་ས་མཆོག་ཡུལ་དེར་ཕེབས་བཞུགས་གནང་བ་ལ་སུས་ཀྱང་འགོག་ཐབས་བྱེད་མི་ནུས། རྒྱ་ནག་གཞུང་ནས་ངོ་རྒོལ་བསྒྲགས་གཏམ་སྤེལ་བ་དེས་རྒྱ་གར་གཞུང་ལ་བསྙོན་འཛུགས་དང༌། ཡུལ་དེར་གནས་པའི་མི་རིགས་ལ་མཐོང་ཆུང་དང་བརྙས་བཅོས། འགྲོ་བ་མི་ཡི་ཐོབ་ཐང་དང་ཆོས་ལུགས་དད་པ་རང་མོས་ཕྲོགས་པ་སོགས་ལ་ངོས་འཛིན་བྱ་ཆོག་པའི་རྣམ་འགྱུར་གསལ་པོ་མཐོང་ཐུབ།།