བོད་ནས་གཞས་པ་ཞིག་འཛིན་བཟུང།
སོག་ཕྲུག་བཀྲ་ཤིས་དོན་གྲུབ་དང་ཁོང་གི་བཟའ་ཟླ། དེ་བཞིན་ཁོང་གི་གཞས་སྣ་སྒྲིག་སྦྱོར་བྱེད་མཁན་བཅས་མི་ ༧ གྱིས་ཟླ་འདིའི་ཚེས་༣ ཉིན་གྱི་དགོང་མོ་ཟ་ཁང་དུ་སྡོད་སྐབས། ཟི་ལིང་གི་ཉེན་རྟོག་པ་གཉིས་དང་རྨ་ལྷོ་ཡུལ་རྒན་ནས་ཡོང་བའི་ཉེན་རྟོག་པ་གཉིས་བཅས་ཡོང་སྟེ་བཀྲ་ཤིས་དོན་གྲུབ་ལགས་འཛིན་བཟུང་བྱས་ཡོད་འདུག ཡུལ་རྒན་ནས་ཡོང་བའི་ཉེན་རྟོག་པ་དེ་གཉིས་ཀྱི་མིང་ལ་བྱམས་པ་དང་སངས་གྲགས་ཟེར་གྱི་ཡོད་འདུག
བཀྲ་ཤིས་དོན་གྲུབ་ཀྱི་བཟའ་ཟླས་ཉེན་རྟོག་པར་མོའི་ཁྱོ་ག་འཛིན་དགོས་དོན་ཅི་ཡིན་སྐད་ཆ་དྲིས་ཀྱང་ཉེན་རྟོག་པས་གསལ་བཤད་ཅི་ཡང་མ་བྱས་པར་ཁྲིད་ཡོད་འདུག ཉེན་རྟོག་པས་སོག་ཕྲུག་བཀྲ་ཤིས་དོན་གྲུབ་ཀྱི་གཞས་སྣ་སྒྲིག་སྦྱོར་བར་ཁྱོད་ཀྱང་འཛིན་བཟུང་བྱ་རྒྱུའི་མིང་ཐོའི་ནང་བསླེབས་ཡོད་སྟབས་གཟབ་ན་ཡག་གི་རེད་ཅེས་བཤད་ཚུལ་ཡང་འདུག སོག་ཕྲུག་བཀྲ་ཤིས་དོན་གྲུབ་ལགས་འཛིན་དོན་ནི་ད་ལོར་ཁོང་གིས་‘རྨ་ཁ་མེད་པའི་གཅར་རྡུང་’ཅེས་པའི་རྡུང་ལེན་འོད་སྡེར་ཅིག་གསར་དུ་བཏོན་པའི་རྐྱེན་གྱིས་ཡིན་ཚུལ་འདུག ཁོང་གི་འོད་སྡེར་དེ་བཀྲམས་མ་ཐག་རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཡོད་འདུག
སོག་ཕྲུག་བཀྲ་ཤིས་དོན་གྲུབ་ཀྱི་འོད་སྡེར་དེ་ཕྱི་ཟླ་ ༡༠ ནང་བཏོན་འདུག་ལ། ཕྱི་ཟླ་ ༡༠ པའི་ཚེས་ ༢༩ ཉིན་ས་གནས་ཉེན་རྟོག་པས་སོག་ཕྲུག་བཀྲ་ཤིས་དོན་གྲུབ་འཛིན་བཟུང་བྱེད་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་ཡོད་འདུག དེ་རྗེས་ཁོང་རང་གི་ཕ་ཡུལ་ནས་སྡོད་མ་ཐུབ་པར་ས་གནས་གཞན་སོང་ཡོད་འདུག་པ་དང། ཕྱི་ཚེས་༣ གྱི་དགོང་མོ་ཟི་ལིང་ནས་བཟུང་བྱས་པ་ཞིག་རེད།
ལོ་སྔོན་མ་སོག་ཕྲུག་བཀྲ་ཤིས་དོན་གྲུབ་དང་རོགས་པ་སྐོར་ཞིག་གིས་‘གཡུ་མཚོ་སྔོན་མོའི་རླབས་སྒྲ་’ཞེས་པའི་འོད་སྡེར་ཞིག་བཏོན་ཡོད་པ་དང། དེའི་ནང་དུ་ཁོང་གིས། ང་བརྒྱད་ལོ་དང་ཉིས་སྟོང་བརྒྱད་ལོ་ཞེས་པ་ཞིག་བཏང་ཡང༌། རྒྱ་གཞུང་གིས་ཁོང་གི་གཞས་དེ་གོང་གི་འོད་སྡེར་དེའི་ནང་དུ་འཇུག་མ་བཅུག་མེད་འདུག རྗེས་ལ་ཁོ་རང་ངོས་ནས་འོད་སྡེར་ཞིག་བཏོན་སྐབས་གོང་གི་གཞས་དེ་ཡང་ནང་དུ་བཏང་ཡོད་འདུག