རྒྱལ་ཚོགས་ཀྱི་མཐོ་རིམ་ལས་རིགས་སུ་བུད་མེད་བསྐོ་འཆར།
ཁོང་གི་གསུང་བཤད་ནང་བུད་མེད་ཐོག་གདུག་རྩུབ་དང་དྲག་སྤྱོད་གང་མང་ཡོང་བཞིན་ཡོད་པ་དང། ང་ཚོའི་དམིགས་ཡུལ་ནི་ཕྱི་གསལ་ནང་གསལ་རེད། དྲག་སྤྱོད་ཀྱི་རིགས་ཡོད་ཚད་མེད་པ་བཟོ་རྒྱུ་དེ་རེད་ཅེས་བུད་མེད་ལ་བཙན་གཡེམ་དང། ཕྲུ་གུ་བུ་མོ་ལྐོག་གསོད་སོགས་མེད་པ་བཟོ་རྒྱུའི་དམིགས་ཡུལ་སྐོར་བརྗོད་པ་དང། གཞན་ཡང་ཁོང་གིས་དེ་སྔོན་ངས་བུད་མེད་ཐོག་དྲག་སྤྱོད་རིགས་ལ་མཉམ་འབྲེལ་གྱིས་ངོ་རྒོལ་ཞེས་པའི་ལས་གཞི་ཞིག་འགོ་བརྩམས་པ་དང། མི་ས་ཡ་ལྔ་ཙམ་གྱིས་བུད་མེད་ཐོག་དྲག་སྤྱོད་རིགས་ལ་ངོ་རྒོལ་མཚོན་པའི་ས་ཡིག་བཀོད་ཡོད་པ་རེད། སྐབས་དེར་ཁོང་གིས་ང་རང་རྒྱལ་ཚོགས་ཀྱི་དྲུང་ཆེ་ཙམ་མིན་པར། བུ་ཞིག་དང༌། ཁྱོ་ག་ཞིག ཕ་ཞིག སྤོ་པོ་ཞིག་གི་ལས་འགན་བསྒྲུབ་རྒྱུ་ཡིན། ངས་ད་བར་བུད་མེད་ཚོས་གནམ་ཕྱེད་འདེགས་བཞིན་པར་ངོས་འཛིན་བྱེད་ཀྱི་ཡོད། སྐྱེས་པ་ཚོར་གནམ་ཕྱོགས་གཞན་དེ་འདེགས་ཏུ་འཇུག་དགོས་ཞེས་བུད་མེད་ཚོའི་འགན་ཁུར་དང་བྱས་རྗེས་འབྲེལ་ནས་ལམ་སྟོན་གནང་ཡོད་པ་རེད།
མཐའ་དོན་ཁོང་གི་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་བུད་མེད་རྣམས་ལ་གོ་ས་མཐོ་སར་མུ་འཐུད་དུ་བསྐོ་གཞག་བྱེད་འཆར་ཡོད་ཅེས་བརྗོད་ཡོད་པ་རེད། བྷན་ཀི་མཱོན་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་ལས་འགན་བཞེས་པ་ནས་བུད་མེད་དགུ་ལ་དྲུང་ལས་ཀྱི་མཐོ་རིམ་ལས་ཀ་གནང་བ་དང༌། ད་དུང་བུད་མེད་གཉིས་ལ་མཉམ་འབྲེལ་རྒྱལ་ཚོགས་ཡར་རྒྱས་འཆར་འགོད་ཀྱི་ཚོགས་པའི་འཛིན་སྐྱོང་ལས་བྱེད་དུ་གསར་བསྐོ་བྱ་རྒྱུ་དང༌། ཁོང་གཉིས་ཕོ་མོ་འདྲ་མཉམ་སྡེ་ཚན་ཞེས་པའི་ཡན་ལག་གསར་འཛུགས་གནང་བའི་འགོ་འཛིན་ཆགས་རྒྱུ་ཡིན་འདུག
མདོར་ན་ཁོང་གི་འཛིན་སྐྱོང་གི་དུས་ཚིགས་ནང་དྲུང་གཞོན་གཙོས་པའི་མཉམ་འབྲེལ་རྒྱལ་ཚོགས་སུ་འགན་འཛིན་རྒན་པའི་ནང་བུད་མེད་ཀྱི་གྲངས་ཀ་བརྒྱ་ཆ་༤༠ བར་འཕར་ཡོད་པ་རེད། །