ཁམས་ཉག་ཆུ་རྫོང་དུ་མི་མང་འཛིན་བཟུང།

ལམ་བར་ནས་རྒྱ་ནག་གིས་བཀག་འགོག་བྱས་ཡོད་པ་དང། ཕྱི་ཚེ་༥ ཉིན་མི་མང་༦༠ ཙམ་རྫོང་ཐོག་ཏུ་བསྐྱོད་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ་ཐུག་འཕྲད་བྱེད་མཁན་རྣམས་ཁོང་གི་བདེ་སྡུག་ཞུ་ཆེད་དུ་བསྐྱོད་པ་ཡིན་པས། ཐུག་འཕྲད་བྱེད་དུ་འཇུག་དགོས་སྐོར་དང། ཁོང་མྱུར་ཏུ་གློད་གྲོལ་ཡོང་ཐབས་ལ་འབོད་སྐུལ་ཞུས་ཏེ་མཚན་མོ་དེར་བསྡད་ཡོད་འདུག ཕྱི་ཉིན་མི་༦༠ ཙམ་ཡོད་པ་ཚང་མ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཟིན་ཡོད་པ་དང། ལམ་བར་དུ་ཁྲག་ཟགས་པ་མཐོང་རྒྱུ་ཡོད་པ་མ་ཟད། ཤུལ་དུ་སྦག་སྦག་བཅག་གཏོར་བཏང་བ་སོགས་འབྲེལ་ཡོད་ཀྱིས་མཐོང་ཡོད་པ་རེད།
འཛིན་བཟུང་བྱས་པའི་ནང་འགོ་ལོག་རྒ་བ་བློ་དོན་དང། ལྷ་མ་དོན་སྡེ། རྒྱ་མེས་ཨ་ཤར། རག་ཤུལ་ངག་སྡེས། རྒྱལ་འཕྲིན། འབྲུག་རྒྱ་ཐར། ལུག་རྫི་ཨ་བྷི། རྡོ་རྗེ་མཁས་གྲུབ། རྒ་རྗེ་ཨ་ཕྱུག། མཁས་པོ་ཚེ་རིང། སྙན་གྲགས། དབང་འགྱུར། ངག་དབང་ཆོས་གྲགས་སོགས་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།
གཞན་ཡང་ཚེ་རིང་དོན་འགྲུབ་དང། གདུགས་དཀར་ཚེ་རིང། བཙུན་མ་ཤེས་རབ་སྒྲོལ་མ་སོགས་བཙུན་མ་གསུམ་དང། བུད་མེད་གཅིག་བཅས་རྔ་པ་བོད་རིགས་རང་སྐྱོང་ཁུལ་བརྒྱུད་དེ་སྤྲུལ་སྐུར་ཐུག་འཕྲད་ཆེད་བསྐྱོད་སྐབས། ལམ་བར་ནས་འཇུ་བཟུང་བཀག་ཉར་བྱས་ཡོད་པ་རེད། ཉག་ཆུ་རྫོང་ཁོངས་ཀྱི་ཐང་དཀར་མ་ས་གནས་སུ་མི་མང་༣༠༠ ཙམ་ཤང་སྲིད་གཞུང་གི་སྒོ་རུ་བསྐྱོད་དེ་སྤྲུལ་སྐུ་གློད་གྲོལ་དགོས་སྐོར་འབོད་སྐུལ་ཞུས་ཏེ། ཉིན་ཞག་༣ ཙམ་འགྲོ་ཡི་ཡོད་འདུག་པ་དང། དེ་བཞིན་འགོ་ལོག་སྟོད་སྨད་བར་གསུམ་དང། ཉ་ཐ་ངོ་ས་གནས། འཇའ་སྐོར་རྡུང་ས་གནས། མ་ར་ཚོ་ས་གནས། ཚེ་མགོན་མ་ས་གནས། སྐེད་ཆུ་ཁ་ས་གནས། དེ་ཚ་ས་གནས་སོགས་ནས་མི་མང་རྫོང་ཐོག་ཏུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གློད་གྲོལ་དགོས་པའི་འབོད་སྐུལ་ཞུ་བར་བསྐྱོད་ཀྱི་ཡོད་འདུག་ཀྱང། ས་གནས་གང་སར་དྲག་དམག་གིས་དཔུང་ངོམ་དང། དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད། རྒྱ་ནག་སྲིད་གཞུང་གིས་ལས་འགུལ་བ་ཚོར་ཁྱེད་ཚོས་ལས་འགུལ་མཚམས་འཇོག་བྱས་ཏེ། རང་སོར་སོང་ན་ཡག་གི་རེད། དེ་མིན་རྗེས་སོར་འགྱོད་པ་སྐྱེ་གཞི་ཆགས་ཀྱི་རེད་ཅེས་བརྗོད་ཡོད་འདུག ཡིན་ནའང་བོད་མི་ཚོས་རྒྱལ་ཁབ་ལ་ངོ་ལོག་བརྒྱབ་པ་མིན། མི་མང་གིས་ལག་གཉིས་ཐལ་མོ་སྦྱར། གདོང་མཆི་མས་ཁེངས་ནས་སྤྲུལ་སྐུ་གློད་གྲོལ་དགོས་པའི་བདེ་སྡུག་འབོད་སྐུལ་ཞུ་ཡི་ཡོད། དེ་འདྲ་ཞུས་པ་ལ་བརྟེན་ནས། འགྱོད་པ་སྐྱེ་དགོས་པ་བྱུང་ནའང་བྱེད་རྒྱུ་གང་ཡང་ཡོད་པ་མ་རེད་ཅེས་བརྗོད་ཡོད་འདུག།།

This will close in 0 seconds