གསར་བརྗེ་ཞེས་པའི་དཔེ་དེབ་བོད་བསྒྱུར།

sarje woserགསར་བརྗེ་ཞེས་པའི་དེབ་དེ་ད་ལྟ་པེ་ཅིང་དུ་གནས་སྡོད་ཚེ་རིང་འོད་ཟེར་གྱིས་ཕྱི་ལོ་༢༩༦༠ ལོ་ནས་ཕྱི་ལོ་༡༩༧༠ ལོའི་རྒྱ་ནག་གིས་བོད་ལ་རིག་གནས་གསར་བརྗེའི་ལས་འགུལ་ག་འདྲ་སྤེལ་མིན་སྐོར་བྲིས་ཡོད་པ་དང། དེའི་སྐབས་ཚེ་རིང་འོད་ཟེར་གྱི་ཕ་ཚེ་རིང་རྡོ་རྗེས་པར་བརྒྱབ་པ་ཁག་གཞིར་བཟུང་གིས་ཁྱོན་བསྡོམས་མི་༧༠ ལྷག་ལ་རིག་གསར་སྐོར་གྱི་བཅར་འདྲི་བྱས་ཡོད་པ་རེད། ༢༠༠༦ ལོར་མའོ་ཙེ་ཏུང་གིས་རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་སྤེལ་ནས་ལོ་ངོ་བཞི་བཅུ་ཏག་ཏག་ཕྱིན་པའི་སྐབས། དེབ་དེ་རྒྱ་ནག་ནང་དུ་པར་རྒྱག་ཐུབ་མེད་པ་དང། ཐེ་ཝན་དུ་པར་སྐྲུན་བྱས་ཏེ། ཐེ་ཝན་ནང་རྒྱ་ནག་གི་དུས་བབ་ཅེས་པའི་༢༠༠༦ ལོའི་ནང་གི་རྒྱ་ཡིག་དེབ་ཡག་ཤོས་བཅུའི་བྱ་དགའ་ཐོབ་ཡོད་པ་རེད། sarje 1འདྲ་པར་རྒྱག་མཁན་ཚེ་རིང་རྡོ་རྗེ་ལགས་རིག་གསར་སྐབས་དམག་དཔོན་ཞིག་ཡིན་པ་དང། ཁོང་གིས་དེའི་སྐབས་པར་བརྒྱབ་པ་དེ་ཚོ་ཕྱི་ཕྱོགས་སུ་འགྲེམས་སྤེལ་མ་བྱས་པར་ཉར་ཚགས་བྱས་ཡོད་འདུག ༡༩༩༡ ལོར་ཁོང་སྐུ་གྲོངས་པ་འདྲ་པར་ཁག་ནང་དུ་བཞག་ཡོད་པ་རེད།
དེབ་དེ་བོད་བསྒྱུར་བྱས་པའི་སྔོན་གླེང་ནང་རྩོམ་པ་པོས། “ཚང་མས་ཤེས་གསལ་ལ་རིག་གནས་གསར་བརྗེ་ཆེན་མོའི་འཇིགས་སྣང་གི་རླུང་འཚུབ་འདི་རྒྱ་ནག་གི་ས་ཆའི་སྟེང་ལོ་བཅུའི་རིང་མནར་གཅོད་གང་སྡུག་བྱུང་ཡོད། ཡང་རྒྱ་ནག་གིས་བཅིངས་འགྲོལ་ཟེར་བའི་བོད་ཡང་འདི་དང་འདྲ་བར་དེའི་ནང་ཚུད་ཡོད་པ་ཡིན་ནམ། གལ་ཏེ་སྐབས་དེ་དུས་གཞུང་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་དང་ཡང་ན་ལོ་མང་ཕྱིན་པའི་ཡོངས་བསྒྲགས་ཀྱི་ཡིག་ཆ་ཁག་གི་ནང་ལ་རེ་བ་བརྒྱབ་སྟེ་བོད་ཀྱི་རིག་གནས་གསར་བརྗེ་ཆེན་པོའི་ཟིན་ཐོ་འཚོལ་ཐབས་བྱས་པ་དེ་ངལ་བ་སྟོང་ཟད་རང་རེད། རྒྱ་ནག་གིས་བོད་ལ་གཞུང་འབྲེལ་གྱི་དྲིལ་བསྒྲགས་བྱས་པའི་ནང་ད་ལྟ་བར་རིག་གནས་གསར་བརྗེར་རྣམ་འགྱུར་ཁྱད་མཚར་ཞིག་འཁྱེར་གྱི་ཡོད། བོད་ལ་རྒྱ་ནག་ནང་བཞིན་སྨྱོ་ཧམ་དང་ཤུགས་དྲག་ཆེན་པོ་བྱུང་མེད་པ་ལྟ་བུ་བྱས་ཏེ་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ཟེར་བར་བཅིངས་འགྲོལ་ཟེར་བ་ཐོབ་པའི་རྗེས་ཀྱི་མི་ཡུལ་གྱི་བདེ་བ་ཅན་ལ་བདེ་སྐྱིད་ཀྱི་འཚོ་བར་རོལ་ནས་ཡོད་པ་ལྟ་བུ་བྱེད་ཀྱི་ཡོད། འོན་ཀྱང་ཕྱི་ལོ་༢༠༠༨ ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་བོད་ས་ཡོངས་ཀྱི་ས་གནས་ཁག་ནང་ཁྱབ་ཡོད་པ་མ་ཟད། འཛམ་གླིང་ཡང་ཧང་སངས་དགོས་བཟོས་པའི་བོད་མིའི་ངོ་རྒོལ་གྱི་ལས་འགུལ་ཐོན་པའི་རྗེས་པེ་ཅིང་ནས་བོད་ཀྱི་‘ད་ལྟ་དང་དེ་སྔ་’ཟེར་བའི་གཞི་རྒྱ་ཆེ་བའི་འགྲེམས་སྟོན་ཞིག་གཉེར་ཡོད་པ་དེའི་རྒྱུ་མཚན་ནི་བོད་རྙིང་པ་ཟེར་བའི་གདུག་རྩུབ་དང། བོད་གསར་པ་ཟེར་བ་དེའི་འོད་སྟོང་འབར་བའི་རྣམ་པ། ཡང་བོད་རྙིང་པ་ཟེར་བ་དེའི་དཀའ་སྡུག་དང་བོད་གསར་པ་ཟེར་བའི་སྤྲོ་སྣང་འདི་སྟོན་ཆེད་དུ་ཡིན་ཞིང། དེ་སྔ་དང་འདྲ་བའི་བོད་ཀྱི་ལོ་རྒྱུས་ཐོག་གི་མུན་ནག་དང་སྡུག་བསྔལ། གོད་ཆག་ཆེ་ཤོས་ཀྱི་ལོ་བཅུའི་རིང་གི་བོད་ཀྱི་རིག་གནས་གསར་བརྗེ་འདི་བཞིན་བསྐྱར་དུ་སྤས་གསང་བྱས་ཏེ་རྩ་ན་ནས་གླེང་གི་མེད་པ་རེད་”ཅེས་འཁོད་འདུག
dolkarrfaགསར་བརྗེ་ཞེས་པའི་དེབ་དེ་བོད་བསྒྱུར་བྱེད་མཁན་སྒྲོལ་དཀར་ལགས་སུ་བཅར་འདྲི་བྱས་པར། ཁོང་གིས་གསུང་དོན། “བོད་ཀྱི་དགོན་སྡེ་ཁག་གཏོར་བ་དང། བོད་པ་མང་པོ་འཐབ་འཛིང་ཁྲོད་ལྷུང་བ་སོགས་མང་པོ་ཡོད་པ་རེད། ཡིན་ནའང་བོད་ཀྱི་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་མཁས་པ་ཚོས་བརྩམས་པའི་དཔེ་ཆ་མང་པོ་ཞིག་མེར་སྲེག་བཏང་འདུག དེ་ཚོ་ད་ལྟ་འཚོལ་རྒྱུ་ཡོད་པ་མ་རེད། གཙུག་ལག་ཁང་གི་མདུན་དུ་དཔེ་ཆ་མེར་སྲེག་བཏང་བའི་པར་ཞིག་ཡོད་པ་རེད། མེ་ཕུངས་དེ་མཐོང་དུས་སེམས་ནང་ཕངས་པོ་དང། དངངས་སྐྲག་སྐྱེ་ཡི་འདུག རྩ་ཆེའི་དཔེ་ཆ་དེ་ཚོ་མེར་སྲེག་བཏང་བ་ཁ་གསབ་ཐབས་ཡོད་པ་མ་རེད། དེབ་དེ་བསྒྱུར་བའི་ཁྲོད་སེམས་པ་ཕངས་ཤོས་དེ་རེད་”ཅེས་གསུངས་སོང།
རིག་གནས་གསར་བརྗེ་སྐོར་གྱི་དེབ་མང་པོ་ཞིག་ཡོད་པ་རེད། <<གསར་བརྗེ་>>ཞེས་པའི་དེབ་དེར་དམིགས་བསལ་གྱི་ཁྱད་ཆོས་ག་རེ་འདུག་ཅེས་དྲིས་པར། ཁོང་གིས། “རྒྱ་ཡིག་ནང་རྒྱ་ནག་གི་རིག་གསར་སྐོར་གྱི་དེབ་ཡོད་པ་རེད། དེ་བཞིན་བཙན་བྱོལ་ནང་སྒེར་གྱི་ལོ་རྒྱུས་ནང་རིག་གསར་སྐབས་རྡུང་རྡེག་ཁྲོད་དཀའ་ངལ་དང་གནོད་འཚེ་ཕོག་པ་སོགས་ཡོད་པ་རེད། ཡིན་ནའང་དེབ་དེར་པར་ཡོད་པ་དང། བོད་ཀྱི་རྒྱལ་ས་ལྷ་ས་དང། ལྷ་ལྡན་གཙུག་ལག་ཁང་གི་གཡས་གཡོན་གྱི་གནས་ཚུལ་ཞིག་རེད། ཡིན་ནའང་བོད་ཀྱི་ས་ཆ་གང་སར་དེ་ལྟ་བུའི་གཏོར་བཤིགས་བྱུང་ཡོད་པའི་དཔང་རྟགས་གསལ་པོ་ཞིག་རེད། རིག་གསར་སྐབས་ཀྱི་གནས་སྟངས་རྒྱ་ནག་ནང་འཚོལ་དུ་སོང་ན་བཀག་འགོག་བྱེད་ཀྱི་རེད། མ་འོངས་པར་རིག་གསར་སྐབས་ལ་ཞིབ་འཇུག་བྱེད་སྐབས། ཁྱིམ་ཚང་སོ་སོར་འདྲ་པར་དེ་འདྲ་ཡོད་ནའང། ཕྱོགས་གཅིག་ཏུ་བསྡུས་ཏེ་དེབ་ཅིག་འདོན་ཐུབ་ན་ང་ཚོའི་ལོ་རྒྱུས་ཀྱི་སྟོང་ཆ་སྐོང་ཐུབ་ཀྱི་རེད་བསམ་གྱི་འདུག་”ཅེས་གསུངས་སོང།
རྒྱ་ཡིག་ཐོག་དེབ་དེ་ཁྱབ་ཚད་ག་འདྲ་ཞིག་བྱུང་ཡོད་པ་རེད་ཅེས་དྲིས་པར། “དེབ་དེ་ཐེ་ཝན་ནས་པར་བརྒྱབ་པ་རེད། ཁ་ཉིན་ང་ཐེ་ཝན་དུ་འགྲོ་སྐབས་དཔེ་ཚོང་ཁང་དེའི་ཚོའི་ནང་འདུག རིག་གསར་སྐོར་ལ་ཞིབ་འཇུག་བྱེད་མཁན་ཚོས་དེ་སྔོན་བོད་ནང་གི་རིག་གསར་སྐོར་གྱི་དེབ་མང་པོ་རག་གི་ཡོད་པ་མ་རེད། རྒྱ་མི་རིགས་ནང་བོད་ཀྱི་རིག་གསར་སྐོར་ལ་ཞིབ་འཇུག་བྱེད་མཁན་ཚོར་ཕན་ཐོགས་ཆེན་པོ་བྱུང་འདུག་ལ་ནུས་པ་ཆེན་པོ་ཐོན་འདུག་”ཅེས་འགྲེལ་བརྗོད་བྱས་སོང།
དེབ་དེ་རྒྱ་ནག་ནང་འགྲེམས་སྤེལ་བྱེད་བཅུག་ཡོད་པ་མ་རེད། ད་ལྟ་བཙན་བྱོལ་ནང་འགྲེམས་སྤེལ་བྱས་ན་འོད་ཟེར་གྱི་གནས་སྟངས་ལ་གནོད་ཀྱི་རེད་དགོངས་ཀྱི་ཡོད་དམ་ཞེས་དྲིས་པར། “འོད་ཟེར་ལགས་ལ་ཉེན་རྟོག་པས་སུན་པོ་བཟོ་ཡི་ཡོད་པ་རེད། ཡིན་ནའང་ཁོང་སྐད་གྲགས་ཆེན་པོ་ཆགས་ཚར་བ་རེད། རྒྱ་ནག་གཞུང་གིས་བོད་ནང་སྐད་འབོད་བྱེད་མཁན་དེ་ཚོར་དབང་ཡོན་རང་གི་ཐོག་ནས་འཛིན་བཟུང་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གི་ཁྲིམས་ནང་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཡོད་པ་རེད། འོད་ཟེར་ལགས་རྒྱ་ནག་པེ་ཅིང་དུ་ཡོད་པ་དང། ཁྲིམས་དེ་ཚོ་ཤེས་ཀྱི་ཡོད་པས། གསར་འགོད་བརྒྱུད་ལམ་ནས་ཁོང་ལ་དོ་སྣང་བྱས་དུས། རྒྱ་ནག་གིས་དབང་ཡོན་བྱེད་རྒྱུར་འཛེམས་ཟོན་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་ཁོང་ལ་དཀའ་ངལ་མ་འཕྲད་པ་མ་རེད། དཀའ་ངལ་འདུག་ཅེས་འགྲེལ་བརྗོད་གནང་སོང།།

This will close in 0 seconds