ཁྲིམས་ཞིབ་པ་རྣམས་ལ་འགན་གཙོ་བོ་གཉིས་ཡོད།

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་གྲེས་ནང་རྣམ་རྒྱལ་ཚེ་རིང་བཅས་ཡིན་པ་རེད། 
འགོ་འཛུགས་མཛད་སྒོའི་ཐོག་ད་ལྟའི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གིས་ཁྲིམས་ལུགས་ཟབ་སྦྱོང་སྐོར་ངོ་སྤྲོད་གསུང་བཤད་གནང་དོན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན། མང་གཙོ་ཀ་བ་གསུམ་གྱི་ཡ་གྱལ། ཆེས་མཐོའི་ཁྲིམས་ཞིབ་ཁང་དེ་ཕྱི་ལོ་༡༩༩༢ ཟླ་བ་༣ ཚེས་༡༡ ཉིན་དངོས་སུ་དབུ་འཛུགས་གནང་བ་དང། བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ནང་དུ་ཁྲིམས་ཀྱི་དབང་བསྒྱུར་གྱི་ནུས་པ་དོན་འཁྱོལ་ཡོང་ཐབས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་༣༠ ཙམ་བཙུགས་པ་རེད། དེའི་རྗེས་སུ་མང་ཚོགས་ལ་ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་ཚགས་ཚུད་ཡོང་ཆེད་དུ་ཧི་མ་ཅལ་ཁུལ་དང། དྷི་ལི་ཁུལ། ཅན་དྷི་གྷར་ཁུལ་དུ་གནས་སྡོད་བོད་མིའི་སྡོད་སྒར་ཁག་གི་ཆེད་དུ་དྷེ་ར་དྷུན་བདེ་སྐྱིད་གླིང་གཞིས་ཆགས་སུ་ས་གནས་ཁྲིམས་ཞིབ་ཁང་དང་པོ་དེ་བཙུགས་པ་རེད། ལྷོ་ཕྱོགས་གཞིས་ཆགས་ཁག་ལྔ་དང་དེའི་ཉེ་འདབས་གཞིས་སྒར་ཁག་གི་ཆེད་དུ་བྷེལ་ཀོབ་ལུགས་ཟུང་བསམ་གླིང་གཞིས་ཆགས་སུ་ས་གནས་ཁྲིམས་ཞིབ་ཁང་གཉིས་པ་དེ་རིམ་པ་བཞིན་བཙུགས་པ་རེད། ས་གནས་ཁྲིམས་ཞིབ་ཁང་དེ་གཉིས་ཀྱི་ཁྱབ་ཁོངས་སུ་མ་ཚུད་པའི་རྒྱ་གར་དང་བལ་ཡུལ། སུད་སི་ཁུལ་དུ་བོད་མིའི་གཞིས་ཆགས་ཁག་གི་ཆེད་དུ་གཅིག་ལྕོགས་ཁྲིམས་ཞིབ་ཁང་༡༧ ད་ལྟ་ཡོད་བཞིན་པ་རེད་ཅེས་དང། khrimshibpa nampa
ཟབ་སྦྱོང་གི་དགོས་དམིགས་སྐོར་གསུང་དོན། ས་གནས་ཁྲིམས་ཞིབ་པ་རྣམས་ཀྱི་ལས་འགན་གཉིས་ལྟ་བུ་ཞིག་ངོས་འཛིན་བྱེད་ཀྱི་ཡོད། གཅིག་དེ་མང་ཚོགས་ནང་དུ་ཁ་མཆུ་གཏུག་མཁན་བྱུང་ན་དེ་དག་ལ་ཁ་མཆུའི་ལས་རིམ་ཚགས་ཚུད་ཀྱིས་ཐག་གཅོད་ཐུབ་པ་དང། གཉིས་པ་དེ་མང་ཚོགས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་གནད་དོན་གསལ་པོ་གོ་རྟོགས་སྤེལ་ཐུབ་པ་ཞིག་གནང་དགོས་ཀྱི་ཡོད་རེད། དེར་བརྟེན་ཟབ་སྦྱོང་གི་གོ་སྐབས་མ་ཐོབ་པ་རྣམས་ལ་ཏན་ཏན་དཀའ་ངལ་འཕྲད་ཀྱི་ཡོད་རེད། སྐབས་རེ་ས་གནས་ལ་ཁ་མཆུ་གཏུག་པ་དེ་འདྲ་བྱུང་བའི་སྐབས་ལ་ཞུ་རྩ་དང་བཅས་པ་ཚང་མ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཡར་ཕུལ་ནས་ག་རེ་བྱེད་དགོས་རེད། ང་ཚོས་ནི་ཡག་པོ་ཤེས་ཀྱི་མི་འདུག ལམ་སྟོན་གནང་རོགས། ཁ་མཆུ་འདི་ངོ་བཞེས་གནང་ན་འགྲིག་ས་རེད་མ་རེད་ཅེས་པ་དེ་འདྲའི་དཀའ་ངལ་ཡོད་པ་དངོས་ཡོད་གནས་ཚུལ་རེད། ས་གནས་ཁྲིམས་ཞིབ་ཁང་གིས་གཏུག་པའི་ཁ་མཆུ་ཞིག་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཇི་མ་ཇི་བཞིན་ལམ་སྟོན་དང། མཉམ་རུབ་བྱས་ནས་ཁ་མཆུའི་བྱ་རིམ་ཐག་གཅོད་བྱེད་པ་དེ་འདྲ་ཡོང་རྒྱུ་མེད་པ་ཞིག་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གནང་ཐུབ་པ་དེ་ག་རེ་རེད་ཟེར་ན། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ནང་འཁོད་དོན་བཞིན་ཁ་མཆུའི་ཞུ་རྩ་ཡར་ཕུལ་བ་ནས་མཐའ་མ་ཐག་གཅོད་མ་བྱས་བར་འདི་དང་འདི་རེད་ཅེས་པ་མ་གཏོགས་དེ་ལས་ལྷག་པའི་ལམ་སྟོན་བྱེད་རྒྱུ་དེ་ཏག་ཏག་སྡོད་ཀྱི་ཡོད་མ་རེད།
གལ་ཏེ་ཁ་མཆུ་ཞིག་ས་གནས་ཁྲིམས་ཞིབ་པས་ཐག་གཅོད་གནང་བ་དེ་ཞུ་སྦྱོར་བ་དང་རྩོད་ལེན་པ་གང་རུང་གིས་བཅད་ཁྲ་དེས་འདོད་པ་མ་ཁེངས་པར་ཡར་གོང་ཞུ་བྱེད་དགོས་བྱུང་ན། ད་ལྟའི་སྐོར་སྐྱོད་ཁྲིམས་ཞིབ་ཁང་མེད་དུས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གོང་ཞུ་བྱེད་དགོས་ཀྱི་ཡོད་རེད། དེར་བརྟེན་ཆེས་མཐོའི་ཁྲིམས་ཁང་གིས་ས་གནས་ཁྲིམས་ཞིབ་ཁང་གི་ཁ་མཆུ་དེའི་སྐོར་ལ་ཆ་ཚང་མར་འཛུལ་ནས་སློབ་སྟོན་བྱས་ན་ཏག་ཏག་ཅིག་སྡོད་ཀྱི་ཡོད་མ་རེད། གང་ཡིན་ཟེར་ན། དེ་ཁྲིམས་ཁོངས་ཁྱབ་ཚད་ཁག་ཁག་ཡོད་རེད། དེ་འདྲའི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་སྟབས། དཀའ་ངལ་དེ་སེལ་ཆེད་དུ་ས་གནས་ཁྲིམས་ཞིབ་པ་རྣམས་དང། གཅིག་ལྕོགས་ས་གནས་ཁྲིམས་ཞིབ་པ། ཁྲིམས་དྲུང། ལས་དྲུང་བཅས་ལ་ཟབ་སྦྱོང་འདི་གོ་སྒྲིག་བྱས་པ་ཡིན། འགྲོ་སོང་རྣམས་རང་གཞུང་གི་སྔོན་རྩིས་ནས་བཀའ་འཁྲོལ་བྱུང་ནས་ཉིན་གསུམ་གོ་སྒྲིག་བྱས་པ་ཡིན་ཞེས་གསུངས་སོང།

tsogmi nampaདེ་རིང་གི་ཟབ་སྦྱོང་འདིར་བརྙན་འཕྲིན་པར་གཞི་ཆ་ཚང་རེ་ཟབ་སྦྱོང་གྲོལ་རྗེས་ས་གནས་ཁག་སོ་སོར་འགྲེམས་སྤེལ་བྱེད་འཆར་འདུག་པ་དང། དེའི་དམིགས་ཡུལ་ཡང་ཟབ་སྦྱོང་དུ་ཞུགས་མཁན་ཚོར་བསྐྱར་སྦྱོང་ཡོང་ཐབས་དང། དམིགས་ཡུལ་གཉིས་པ་དེ་མི་མང་རྣམས་ལ་བསྟན་པ་ཡིན་ན་མི་མང་གི་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྐོར་གྱི་ཤེས་བྱ་གོང་མཐོར་འགྲོ་བར་ཕན་ཐོགས་ཡོང་བ་བཅས་ལ་དམིགས་པ་རེད་འདུག སྤྱིར་དེ་རིང་ཟབ་སྦྱོང་དུ་བཅར་མཁན་ས་གནས་མི་འདྲ་བས་ནས་མི་གྲངས་༣༧ ཡོད་ཀྱང། ལ་དྭགས་དང། ཨོ་རི་ས། ཇོ་ལ་གྷལ། ཀ་ལིང་པུང་བཅས་ཀྱི་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་པ་བཞི་དང། ལས་དྲུང་དྲུག་བཅས་ལས་བྲེལ་གྱི་རྐྱེན་པས་བཅར་ཐུབ་མེད་པས། ད་ཡོད་གཅིག་ལྕོགས་ཁྲིམས་ཞིབ་པ་དང་ལས་དྲུང་སོགས་མི་གྲངས་༢༧ ཟབ་སྦྱོང་དུ་ཕེབས་ཐུབ་པ་བྱུང་ཡོད་པ་རེད།།

This will close in 0 seconds