༄༅། །ྋསྐྱབས་རྗེ་དམ་པ་ཨ་ལྡེའུ་རིན་པོ་ཆེ་རྗེས་སུ་དྲན་པ།

ལྷག་པར་བདག་ཡིད་གླང་སྨྱོན་མ་རུངས་པའི།།

ངན་གོམས་བག་ཆགས་ཅུང་ཟད་སྲབ་པ་དང༌།།

དམ་ཆོས་སྤྱོད་ལ་མོས་པའི་སྣང་སྦྱིན་མཁན།།

ྋསྐྱབས་གཅིག་འཕྲུལ་ཞིག་བརྒྱད་པ་གུས་པས་མཆོད།།

སྙིགས་ལྔའི་སྤྲིན་རུམ་ཆེས་ཆེར་བརྡོལ་བ་ཡིས།།

རྒྱལ་བསྟན་ཉི་གཞོན་སྒྲིབ་ལ་ཉེ་ན་ཡང༌།།

ཐུགས་བསྐྱེད་དམ་བཅའ་བཙན་པོས་རབ་བསྐུལ་བའི།།

ཡང་དར་བསྟན་པའི་སྒྲོན་མེ་ཁྱེད་ལས་སུ།།

དོན་བརྒྱུད་བསྟན་པའི་ཤིང་རྟ་ཟླ་མེད་པ།།

དྲི་མེད་པདྨ་དཀར་པོའི་རིང་ལུགས་ཆེ།།

དུས་ཀྱི་མཐར་ཡང་ནུབ་པ་མེད་པ་ཡི།།

མཛད་པའི་ཁུར་ཆེན་འདེགས་བཟོད་ཁྱེད་ལས་སུ།།

ལུགས་ཟུང་གསེར་གྱི་འཁོར་ལོའི་ཁ་ལོ་པ།།

ནང་ཆེན་ཆོས་ཀྱི་རྗེ་བོ་ཡབ་སྲས་ཀྱིས།།

གང་གི་ཞབས་སེན་ནོར་བུའི་དོ་ཤལ་ཡང༌།།

རལ་པའི་རྒྱན་དུ་བཀོད་པ་ཁྱེད་ལས་སུ།།

ནང་དུ་རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས།།

ཡང་དག་ལྟ་བའི་གནད་ལ་གདེང་ཐོབ་ཀྱང༌།།

ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་མཛེས།།

ཚུལ་ཁྲིམས་དྲི་བཟང་སྤྲོ་མཛད་ཁྱེད་ལས་སུ།།

རྟོགས་པའི་རྩལ་ཆེན་རྫོགས་པ་རྒྱ་གླིང་གཉིས།།

བྱིན་རླབས་ཆིག་རིལ་ཟིན་པ་སྤ་རྐྱང་གཉིས།།

གདམས་ཟབ་བདུད་རྩིའི་མཛོད་འཛིན་ལོ་རྒོད་གཉིས།།

ཀུན་གྱི་བརྒྱུད་པ་འཛིན་མཁས་ཁྱེད་ལས་སུ།།

སྨིན་བྱེད་དབང་བཞིའི་ཆུ་བོ་ངང་གིས་འདུས།།

གྲོལ་བྱེད་གདམས་ཟབ་ནོར་བུའི་གསང་མཛོད་རྡོལ།།

རྒྱབ་རྟེན་ལུང་གི་རྒྱ་མཚོ་ཡོངས་སུ་རྫོགས།།

གདམས་ངག་སྡོང་པོ་སུམ་སྦྲེལ་ཁྱེད་ལས་སུ།།

འོན་ཀྱང་སྐལ་དམན་དྲེད་པོ་བདག་ཅག་གི།།

བསོད་ནམས་དཔུང་པ་ཤིན་ཏུ་ཕྲར་གྱུར་པས།།

ྋསྐྱབས་རྗེ་བླ་མ་དགྱེས་པའི་འཛུམ་དཀར་ཅན།།

མ་བཞུགས་ཞིང་གཞན་གཟིགས་པའི་ངང་ཚུལ་སྐྱོ།།

རྟག་འཛིན་ལེ་ལོའི་ཞེན་པ་ཟློག་པའི་ཕྱིར།

གཟུགས་སྐུའི་བཀོད་པ་བསྡུས་པའི་མཛད་པ་འདི།།

མི་རྟག་རྒྱུད་ལ་སྐྱེ་བའི་རྒྱུར་སྨིན་ཏེ།།

དམ་ཆོས་སྤྱོད་དང་ནམ་ཡང་མི་འབྲལ་ཤོག །

ཅེས་ྋསྐྱབས་རྗེ་དམ་པ་ཨ་ལྡེའུ་རིན་པོ་ཆེ་ལས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་ཐུགས་དམ་སྒྲུབ་ཐབས་སྐོར་ལྔའི་དབང་ཁྲིད་ཡོངས་སུ་རྫོགས་པའི་བཀའ་དྲིན་གྱི་དངོས་པོ་ཐོབ་པའི་སྐལ་བ་དང་ལྡན་ཞིང་ཆོས་བརྒྱུད་འདི་ཉིད་ཀྱི་རིང་ལུགས་འཛིན་པ་ཆབ་མདོ་མཚན་ཉིད་དགོན་གྱི་གྲལ་མཐའ་བ་བསྟན་པ་ཡར་འཕེལ་གྱིས་ཕྱི་ལོ་ ༢༠༠༩། ཟླ་བ་ ༡༡ །ཚེས་ ༢ ཉིན་འཕགས་ཡུལ་དཔལ་ལྡན་ཆོས་རིག་ལས་ཁུངས་ཀྱི་དགོན་སྡེའི་ལོ་རྒྱུས་རྩོམ་སྒྲིག་ཁང་དུ་སྦྱར་བའོ།།