སྐུ་གོང་མའི་ཞལ་ཆེམས་ལ་འགན་འཁྱེར་གྱི་ཡོད།

དེ་ཡང་ཟླ་འདིའི་ཚེས་༢༦ ཉིན་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་གར་དང་ཕྱི་རྒྱལ་བ་བོད་པ་བཅས་ཁྱོན་གསར་འགོད་པ་བརྒྱ་མ་ཟིན་ཙམ་ལ། དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་བཞུགས་ཡུལ་སྒྲོལ་མ་ལྷ་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་གནང་སོང་ལ། གསར་འགོད་གསལ་བསྒྲགས་ཀྱི་དུས་ཡུན་ཆུ་ཚོད་གཅིག་ཙམ་གྱི་རིང་ལ་བཀའ་འདྲི་ཁོ་ན་ཞུས་ཡོད་པ་དང་། སྐབས་དེར་རྒྱལ་བ་ཀརྨ་པ་མཆོག་གིས། རྒྱ་གར་གཞུང་ལ་ཁོང་འབྲས་ལྗོངས་སུ་ཕེབས་ཆོག་པའི་ཆོག་མཆན་ཐེངས་འགའ་ཞུས་ཡོད་ཀྱང་། ད་ལྟའི་བར་ལན་གང་ཡང་འབྱོར་མེད་པ་དང་། དེ་བཞིན་ཁོང་རྒྱ་གར་དུ་འབྱོར་ནས་ལོ་མང་ཕྱིན་ཡོད་རུང་། འདི་ལོ་གཞི་ནས་རྒྱ་མཚོ་བརྒལ་ནས་བྱང་ཨ་རིར་ཕེབས་ཐུབ་ཙམ་བྱུང་ཡོད་པ་དང་། ལོ་རྗེས་མར་ཡུ་རོབ་ཀྱི་ལུང་པ་མང་པོའི་ནང་ཕེབས་འཆར་ཡོད་པ་དེའང་། གཙོ་བོར་སྐུ་གོང་མ་དང་འབྲེལ་ཡོད་ཁག་གཅིག་དང་། དེ་བཞིན་དད་ལྡན་མང་ཚོགས་ཀྱིས་ལོ་མང་རིང་རེ་སྒུག་བྱེད་པའི་འདོད་བློ་བསྐོང་ཆེད་དུ་ཡིན་ཞེས་གསུངས་སོང་། མ་འོངས་པར་ཐེ་ཝན་གྱི་དད་ལྡན་མི་མང་གི་ཆེད་དུ་ཡུལ་དེར་ཕེབས་འཆར་ཡོད་མེད་ཀྱི་སྐོར་བཀའ་འདྲི་ཞུས་པའི་ལན་དུ། ཁོང་གིས། ཡུལ་དུས་ལ་བསྟུན་དགོས་པ་དང་མ་འོངས་པར་འགྲོ་ཆོག་པའི་གོ་སྐབས་བཟང་པོ་འདྲ་བྱུང་ན། ཡུལ་དེའི་མི་མང་གི་ཆེད་དུ་ཕེབས་འདོད་སྐོར་ཡང་བཀའ་ལན་གནང་སོང་།

ཡང་ཀརྨ་པ་མཆོག་གིས། ཁོར་ཡུག་གི་སྐོར་གོ་རྟོགས་སྤེལ་རྒྱུ་དང་། དེའི་ནང་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་སྡེ་ཁག་ཏུ་རྩི་ཤིང་འདེབས་འཛུགས་དང་། ཆུ་ནང་འབག་བཙོག་རྙོག་མ་མི་ཡོང་བའི་ཆེད་དུ་ལས་འགུལ་སྤེལ་ཡོད་པའི་ཐོག ཁོར་ཡུག་གི་ཚོགས་འདུ་རྒྱས་འཛོམས་ཐེངས་༢ ཙམ་གོ་སྒྲིག་གནང་ཐུབ་ཡོད་པ་དེ། ཁོང་རྒྱ་གར་དུ་ཕེབས་ནས་ལས་དོན་ཐད་གྲུབ་འབྲས་ཆེ་ཤོས་བྱུང་ཡོད་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཅེས་བཀའ་ལན་གནང་སོང་། ཡང་གསར་འགོད་པ་ཞིག་གིས། བོད་རང་བཙན་དང་། ཁོར་ཡུག་སྲུང་སྐྱོབ། འཛམ་གླིང་ཡོངས་ལ་ཆོས་ཀྱི་གོ་རྟོགས་སྤེལ་རྒྱུ་གསུམ་ནས། ཁྱེད་ཀྱིས་གང་ལ་གྲུབ་འབྲས་ཐོན་དགོས་པ་དེ་འདེམས་ཁ་གནང་འདོད་ཅེས་བཀའ་འདྲི་ཞུས་པར། ཁོང་གིས། འདེམས་ཁ་གསུམ་དེ་གྲུབ་འབྲས་ཐོན་པར་དཀའ་ལས་ཁག་པོའི་རིགས་ཤ་སྟག་རེད། གལ་སྲིད་བོད་རང་བཙན་ལ་གྲུབ་འབྲས་ཐོན་ཐབས་ཡོད་ན་ངས་དེ་གདམས་ས་རེད་ཅེས་གསུངས་སོང་།

ཡང་ཁོང་གིས། ༧གོང་ས་མཆོག་མོན་དུ་ཕེབས་པར་ཆབ་སྲིད་དང་འབྲེལ་བ་མེད་སྐོར་དང་། བོད་མཚུར་ཕུ་དགོན་ནས་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་ཡོང་སྐབས། འཇིགས་སྣང་གིས་ཁོང་གི་སྐུ་ཚབ་བསྐོ་བཞག་གི་དུས་ཚོད་རག་མེད་པ་དང་། རྗེས་སུ་བླ་མ་ཞིག་གིས་སྐུ་ཚབ་གནང་སྟེ་འགན་བཞེས་ཡོད་ཀྱང་དེང་སྐབས་ཁོང་ལ་སྙུང་གཞི་ལྗིད་པོ་བྱུང་ནས་དཀའ་ངལ་ཅུང་ཟད་ཡོད་པ་རེད། ཡིན་ནའང་སྐུ་ཚབ་ཁོང་གིས་ཀརྨ་པ་མཆོག་དགུང་ལོ་ཆུང་བས་བཙན་བྱོལ་ནང་སློབ་སྦྱོང་སོགས་ཡག་པོ་ཆགས་རྒྱུར། རེ་བ་ཆེན་པོ་གནང་བཞིན་ཡོད་སྐོར་སོགས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གཟབ་རྒྱས་གནང་སོང་།།

ས་གནས་ནས་འདི་གའི་གསར་འགོད་པས།