སོ་སོར་ཡི་གེ་ཡོད་བསམ་པའི་སྤོབས་པ་སྐྱེ་ཡོང་གི་འདུག

ཟླ་འདིའི་ཚེས་༢༧ ཉིན་༧གོང་ས་མཆོག་གིས་ཤེས་རིག་ཚོགས་ཆེན་ཐེངས་པའི་ཐོག་བཀའ་སློབ་གནང་དོན། “ད་ལྟ་ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ལྔ་བཅུ་བརྒལ་འགྲོ་ཡི་ཡོད་པ་རེད། དེའི་རིང་ལ་ང་ཚོས་སྤོབས་པ་བྱེད་ཆོག་པ་དེ། ཤེས་ཡོན་གྱི་ཐོག་ཡིན་ནའང་སྐྱོན་མང་པོ་ཡོད་པ་རེད་མོད། སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་ང་ཚོའི་གྲུབ་འབྲས་ཡག་ཤོས་ཤིག་རེད། སངས་རྒྱུས་བཅོམ་ལྡན་འདས་ཀྱིས་བདེན་བཞི་གསུང་སྐབས། དང་པོ་སྡུག་བསྔལ་ཤེས་པར་བྱ་ཞེས་གསུངས་འདུག གང་ལྟར་སྐྱོན་ཆ་དེ་ང་ཚོས་མཐོང་ན། སྐྱོན་ཆ་དེ་ག་འདྲ་ལྷག་འདུག སྐྱོན་ཆ་དེ་སེལ་ཐབས་ཡོད་པ་ཞིག་རེད་འདུག་གམ། མེད་པ་ཞིག་རེད། shirig 27 decemསེལ་ཐབས་ཡོད་ན་ཐབས་ལམ་ག་འདྲ་དགོས་ཀྱི་འདུག་བསམ་བློ་གཏོང་དགོས་པ་རེད། བཅོམ་ལྡན་འདས་ཀྱིས་བདེན་བཞིའི་གོ་རིམ་གསུང་པ་དེ་གསལ་པོ་ཞེ་དྲག་རེད་འདུག སྔོན་ལ་སྐྱོན་ཆ་ག་རེ་ལྷག་འདུག དེ་ཚོ་འཛེམས་ཟོན་མེད་པ་བྱས་ནས། དཔའ་ཞུམ་རྒྱུ་གང་ཡང་ཡོད་པ་མ་རེད། གསལ་པོ་གོ་བསྡུར་ཞིབ་ཕྲ་བྱས་ནས། སྐྱོན་ཆ་དེ་སེལ་རྒྱུར་ང་ཚོར་རིག་སྟོབས་མེད་ན་ལོག་ག་རེད། རིག་པ་བསྒྲིམས་ནས་ག་འདྲ་བྱེད་དགོས་ཀྱི་འདུག  ཁྱེད་རང་ཚོས་ལས་རིམ་བཟོས་བཞག་པ་དེ་ཡག་པོ་ཆགས་འདུག ལྷོད་ལྷོད་བྱས་ནས་གོ་བསྡུར་བྱེད་རྒྱུ་རེད། ཁྱེད་རང་ཚོ་ཚང་མ་ས་གནས་ས་ཐོག་ཏུ་ཉམས་མྱོང་ཡོད་པའི་མི་ཆགས་བསྡད་ཡོད་པ་རེད། སྤྱི་འཐུས་དང་བཀའ་ཤག ཤེས་རིག་ལས་ཁུངས་ནས་འགོ་ཁྲིད་དེ་ཁྱེད་རང་ཚོས་ཞིབ་ཕྲ་དང་སྤུས་དག་པོ་ཏན་ཏན་ཡོང་ཐུབ་ཀྱི་རེད། འདས་པའི་ལོ་ལྔ་བཅུའི་གྲུབ་འབྲས་གཞིར་བཞག་ནས་ད་དུང་ཡར་རྒྱས་ག་འདྲ་གཏོང་དགོས་ཀྱི་འདུག དེ་ཚོའི་ཐོག་ཞིབ་ཚགས་པོ་གནང་རོགས། ཞིབ་ཚགས་པོའི་ཐོག་ལ་ང་རང་གིས་ཤེས་ཀྱི་མ་རེད། སྤྱི་ཡོངས་ནས་བོད་གངས་ཅན་པ་ཟེར་བ་ལོ་སྟོང་ཕྲག་སྔོན་ནས་ཡི་གེ་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། ང་འཛམ་གླིང་གི་ས་ཆ་འདྲ་མིན་ལ་གང་འཚམ་སླེབས་ཀྱི་ཡོད་པ་རེད། ས་གནས་ཡུལ་མི་ཚོས་དགའ་པོ་བྱས་ནས། ཁོ་རང་ཚོའི་སོ་སོའི་རིག་གཞུང་དང་གོམས་གཤིས་རྒྱུད་འཛིན་ཐུབ་རྒྱུར་སེམས་ཁུར་བྱས་ནས། ང་ཚོར་ཐུག་ནས་སྐད་ཆ་བཤད་ཀྱི་འདུག ངས་རྟག་པར་ཁྱེད་རང་ཚོར་ཡི་གེ་ཡོད་པ་རེད་དམ་ཞེས་བཤད་བསྡད་ཡོད། མང་ཆེ་བར་ཡི་གེ་མི་འདུག མི་ལ་དེ་འདྲ་བཤད་སྐབས། ང་ཚོ་བོད་པ་རྒྱ་ནག་གི་ཡི་གེ་དང། རྒྱ་གར་གྱི་ཡི་གེ་ལ་བརྟེན་དགོས་ཀྱི་མེད། སོ་སོར་ཡི་གེ་ཡོད་བསམ་པའི་སྤོབས་པ་སྐྱེ་ཡོང་གི་འདུག ཡི་གེ་དེ་ཡང་ཟ་སྐད་འཐུང་སྐད་ཙམ་རེད་མི་འདུག སྤྱིར་འཛམ་བུ་གླིང་གི་ཐོག་ད་ལྟ་ཡིན་ནའང་གསལ་པོ་རེད། ཆོས་ལུགས་ཀྱི་ནང་ནས་སངས་རྒྱས་ཆོས་ལུགས་དེ་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་རེད། ངས་ཆོས་ལུགས་ཚང་མའི་ནང་སངས་རྒྱས་ཆོས་ལུགས་དེ་ཡག་ཤོས་རེད་ཟེར་གྱི་མེད། ཡག་ཉེས་དེ་འཕྲོད་མ་འཕྲོད་རེད། གང་ཟག་བྱེ་བྲག་པ་སོ་སོ་ལ་ལྟོས་ནས་གང་རན་པ་དང་གང་གིས་ཕན་པ་གང་ཟག་རང་ཉིད་ལ་ལྟོས་པའི་ཡག་ཤོས་རེད། དེ་ལྟར་བཤད་རྒྱུ་རེད་མ་གཏོགས། སྨན་ཡིན་ནའང་སྨན་སྤྱི་ཡོངས་ཀྱི་ཐོག་ནས་ཡག་ཤོས་འདི་རེད་ཅེས་བཤད་ཐུབ་པ་ཡོད་མ་རེད། ནད་པ་སོ་སོའི་ནད་ཀྱི་ཁམས་དང་ལུས་པོའི་གནས་སྟངས་ལ་གཞིགས་ནས་སྨན་འདི་ཡག་ཤོས་རེད་ཅེས་བཤད་ཐུབ་ཀྱི་རེད།  དཔེ་དེ་བཞིན་བྱས་ནས་མི་གཅིག་ལ་ཁམས་དང་མོས་པ་སྣ་ཚོགས་ཡོད་པས་ཆོས་ལུགས་གཅིག་འདི་ཡག་ཤོས་རེད་ཅེས་བཤད་ཐུབ་པ་ཡོད་མ་རེད། གང་ལྟར་དངོས་ཡོད་གནས་ཚུལ་ལྟ་གྲུབ་ཀྱི་སྐོར་བཤད་ཡོང་དུས་སངས་རྒྱས་པའི་ཆོས་དེ་གཏིང་ཟབ་ཤོས་དང། རྒྱ་ཆེ་ཤོས་ཡིན་པ་འཛམ་བུ་གླིང་དུ་ཀུན་གསལ་རེད། དེའི་ནང་ཚན་ནས་ལེགས་སྦྱར་གྱི་ཆོས་བརྒྱུད་དེ་ཟབ་ཤོས་རེད། ལོ་སྟོང་ཕྲག་རིང་ལ་ཟབ་ཤོས་སུ་གནས་བསྡད་པའི་སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་དུ་ལེགས་སྦྱར་གྱི་ཆོས་བརྒྱུད་དེ་རྒྱ་གར་ནས་ནུབ། རྒྱ་ནག་ལ་གང་འཚམས་ཡར་རྒྱས་ཡོད་ནའང། དེ་ཙམ་གྱིས་གཏིང་ཟབ་པོ་ཞིག་མེད་པ་གསལ་པོ་རེད། དེའི་རིགས་ལ་བསམ་བློ་བཏང་དུས་བོད་ཡིག་ཐོག་ཏུ་ཡོད་པའི་སངས་རྒྱས་པའི་ཆོས་དེ་འཛམ་བུ་གླིང་འདིའི་ཐོག་ལྟ་གྲུབ་ཀྱི་རྣམ་བཞག་ཐོག་ནས་སངས་རྒྱས་པའི་གཞུང་དེ་ཡག་ཤོས་འདྲ་ཆགས་འདུག དེ་འདྲ་ཡིན་དུས་འཛམ་གླིང་གི་རིག་གཞུང་ཟབ་ཤོས་ཤིག་མི་ཐོག་མང་པོ་འགོར་ནའང་བོད་ཡིག་ཐོག་བཟོ་ཐུབ་པ་རེད། དུས་རབས་གསར་པ་འདིའི་ནང་ཡར་རྒྱས་ཕྱིན་པའི་སློབ་སྦྱོང་གསར་པ་མང་པོ་ཞིག་རྙེད་བསྡད་པ་དེ་ཡང་བོད་ཡིག་ནང་ལ་བསྒྲུབ་མི་ཐུབ་པ་དང། སྒྱུར་མི་ཐུབ་པ་ཞིག་ཡོང་གི་མ་རེད་བསམས་ནས། དེ་གཏན་ཁེལ་བ་ཞིག་རེད། བོད་མི་རིགས་ཀྱི་སངས་རྒྱས་པའི་ཆོས་དང་བོད་ཡིག་དེ་དངོས་ནས་སྤོབས་པ་སྐྱེ་གཞི་ཞིག་ཆགས་འདུག་”ཅེས་དང།
མུ་མཐུད་གསུང་དོན་“ནང་ཆོས་ལ་དད་པ་བྱེད་ས་དེ་དང། ནང་ཆོས་དང་འབྲེལ་བའི་རིག་གཞུང་གོམས་གཤིས་ཤིག་ཡོད་པའི་”སྐོར་ལ་དབྱེ་བ་ཕྱེས་ནས་འགྲེལ་བཤད་གནང་བ་དང། བོད་པའི་སྤྱི་ཚོགས་ནང་ནང་ཆོས་ལ་སློབ་གཉེར་དགོས་པའི་སྐོར་དང། སངས་རྒྱས་ཆོས་སློབ་དུས་ཆོས་སློབ་ཀྱི་ཡོད་པའི་སྐད་ཆ་མ་རེད། ཤེས་ཡོན་གྱི་འདུ་ཤེས་བྱས་ནས། སློབ་གྲྭའི་ནང་སྐྱ་སེར་ཕོ་མོ་དབྱེར་མེད་ཀྱིས་སློབ་གཉེར་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་དང། “སངས་པའི་ཚན་རིག སངས་རྒྱས་པའི་ལྟ་གྲུབ། སངས་རྒྱས་པའི་ཉམས་ལེན་”བཅས་དབྱེ་བ་གསུམ་དུ་བཀར་དགོས་པ་དང། སངས་རྒྱས་པའི་ཚན་རིག་དང་ལྟ་གྲུབ་ནི་ཆོས་མེད་མཁན་དང༌། ཆོས་ལ་ངོ་རྒོལ་བྱེད་མཁན་ཚང་མར་ཕན་ཐོགས་ཡོད་སྐོར་སོགས་བཀའ་སློབ་གནང་ཡོད་པ་རེད།
གོང་ས་མཆོག་གིས་རིག་ལམ་སློབ་སྟངས་སྐོར་མུ་མཐུད་གསུང་དོན། “ནང་ཆོས་ཀྱི་ཚན་རིག་དང། ནང་ཆོས་ཀྱི་ལྟ་གྲུབ་ཤེས་ཡོན་གྱི་ཆ་ཤས་བྱས་ནས། སློབ་སྟངས་དེ་རིག་ལམ་གྱི་འགྲོ་སྟངས་བྱས་ནས་སློབ་རྒྱུ་དེ་གལ་ཆེན་པོ་རེད། རིག་ལམ་གྱི་འགྲོ་སྟངས་དེ་རྒྱ་སྐད་ནང་དུ་མེད་པ་འདྲ། ཐལ། ཕྱིར། རྟགས་དང་གསལ་བ་བཀོད་ཟེར་བ་དེ་ཕལ་ཆེར་བོད་སྐད་ནང་དུ་མི་རབས་ནས་མི་རབས་བརྒྱུད་བྱང་ཆུབ་པ་ཞིག་ཡོད་པ་མ་གཏོགས་རྒྱ་སྐད་ནང་དུ་མེད་པ་འདྲ། ཐེག་ཆེན་གྱི་ཆོས་ཡིན་པ་གཅིག་པ་རེད། རྒྱ་ནག་ནང་དུ་ཕལ་ཆེར་ཚད་མའི་གཞུང་ཞེ་དྲག་དར་སྲོལ་བྱུང་མེད་པ་འདྲ་ཅེས་དང། རིག་ལམ་བཤད་ས་དེ་དེང་དུས་ཀྱི་སློབ་ཚན་གྱི་དོན་དག་ཏུ། དཔེར་ན་སུམ་རྟགས་ནང་སྔོན་འཇུག་རྗེས་འཇུག་ལ་མུ་བཞི་བརྩི་བ་ལྟ་བུའི་མཚོན། ཁྱབ་དང་མ་ཁྱབ་བརྩི་བ་ལྟ་བུ། དེང་དུས་སློབ་ཚན་དེ་སློབ་སྟངས་རིག་ལམ་གྱི་འགྲོ་སྟངས་ལྟར་བྱུང་ན་ཕན་ཐོགས་ཡོང་ས་རེད། ནང་ཆོས་ཀྱི་ཚན་རིག་ཟེར་དུས་བློ་ཡི་རྣམ་གཞག་དང། ཡུལ་དང་ཡུལ་ཅན་དེ་ཚོ་སླེབས་ཡོང་གི་རེད་མོད། རིག་པའི་འགྲོ་སྟངས་རྐྱང་རྐྱང་དེ་ནང་པའི་དཔེ་ཆ་ནང་ཡོད་པ་ཞིག་མིན་པ་བྱས་ནས། དེང་དུས་ཀྱི་ཤེས་ཡོན་གྱི་སྡེ་ཚན་གང་དང་གང་ཡིན་ནའང། རིག་པའི་འགྲོ་སྟངས་དེ་སློབ་པའི་སློབ་དེབ་ཅིག་བཟོས་ན་ཡག་པོ་མེད་འགྲོ། ཤེས་རིག་ལས་ཁུངས་དང། ཆོས་རིག་ལས་ཁུངས་ཁྱེད་རང་ཚོས་ཚོགས་ཆུང་བཙུགས་ན་ཡག་པོ་མེད་འགྲོ་བསམ་སོང་”ཞེས་བོད་པའི་སློབ་གྲྭ་ཁག་ཏུ་ནང་ཆོས་དང་རིག་ལམ་སློབ་སྟངས་གཙོ་འདོན་གནང་སྟེ་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།།