ཐང་ཁྲོམ་སྟོན་མཁན་ཚོའི་དཀའ་ངལ།

ང་ཚོར་མཚོན་ནའང་ཁྲིམས་དང་མི་མཐུན་པ་ཧ་ཅང་མང། ངའི་སྐད་ཆའི་བརྒྱུད་རིམ་གྱི་ཁྲོད་ནས་མི་ཁ་ཤས་མི་དགའ་བ་འབྱུང་སྲིད་མོད། སྒྲོ་སྐུར་མེད་པར་དངོས་ཡོད་གནས་ཚུལ་དེ་དྲང་པོར་བཤད་ན་བཟང། རྒྱ་གར་གཞུང་གི་ཁྲལ་བསྡུ་ལས་ཁུངས་ཀྱིས་སྲང་ལམ་ནང་གི་ཚོང་པ་ཚོས་ཁྲོམ་བསྟན་ཡོད་ན་ཉིན་རེར་སྒོར་བཅུ་རེ་ལེན་གྱི་ཡོད་པ་དང། དེ་ཆད་ལྷག་མེད་པར་སྤྲད་ཀྱང་ཕན་ཐོགས་མི་འདུག ད་དུང་ཁྲོམ་སྟོན་མཁན་ཚོའི་ནང་གི་མི་ཁ་ཤས་འགོ་ཁྲིད་དུ་འདེམས་བསྐོ་བྱས་ཏེ། ཁོ་ཚོ་མི་ཚང་རེ་ནས་ལོ་རེར་སྒོར་ལྔ་བརྒྱ་བསྡུས་ནས་ཚོང་བཀྲམ་མི་འཇུག་པའི་ལས་ཁུངས་ཁག་གི་འགོ་ཁྲིད་ལ་ལྐོག་རྔན་སྤྲོད་ཐབས་བྱས་ཀྱང་མི་ཕན་པར་ལོ་རྟག་པར་དཀའ་ངལ་འདི་ཐེངས་གཉིས་གསུམ་དུ་འོང་བཞིན་པ་དེ་རེད། ཁོ་ཚོ་ཡང་ལམ་ཁ་དེར་མ་སོང་ཐབས་མེད་རེད། གང་ཡིན་ཟེར་ན། ཁོ་ཚོའི་འཚོ་བ་སྐྱེལ་ཡུལ་སོགས་རང་གཞུང་གི་སྟངས་འཛིན་འོག་མེད་པ་ལྟ་བུ་ཞིག་ཆགས་ཡོད་པས་དེ་ལྟར་མ་བྱས་ཐབས་མེད་རེད། དེར་བརྟེན། ང་ཚོ་སྐྱབས་བཅོལ་བ་རྣམས་ཡུལ་གང་དུ་བསྡད་ཀྱང་དེའི་ཁྲིམས་དང་མ་འགལ་བ་ཞིག་དགོས་ན། གཞུང་ངོས་ནས་ཁོ་ཚོའི་འཚོ་བ་སྐྱེལ་སྟངས་དང་འཚོ་ཡུལ་གང་དུ་བསྡད་ཀྱང་དེའི་ཁྲིམས་དང་མ་འགལ་བ་ཞིག་བཟོ་ཐབས་བྱས་ཏེ། གཞུང་ངོས་ནས་ཁོ་ཚོའི་འཚོ་བ་སྐྱེལ་ཐབས་འཚོལ་སྟངས་དང་འཚོལ་ཡུལ་སོགས་རང་གཞུང་གི་སྟངས་འཛིན་འོག་ཡོད་པ་ཞིག་བཟོ་རྒྱུ་གལ་ཆེན་པོ་རེད་སྙམ། ང་ཚོ་སྐྱབས་བཅོལ་བ་ཡིན་པས། སོ་སོར་རྒྱལ་ཁབ་དང་ས་ཆ་མེད་སྟབས་དམངས་ཀྱི་འདོད་བློ་ཁེངས་པའི་བྱ་བ་ཞིག་ཡོང་དཀའ་མོད། གཞུང་ངོས་ནས་རང་འཚོར་གནས་པ་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ལ་གཟིགས་ཞིབ་གནང་རྒྱུ་གལ་ཆེན་རེད། ཁོ་ཚོར་དངུལ་འབོར་ཆེན་ཞིག་སྤྲོད་དགོས་པ་མིན་ལ། རང་གཞུང་གི་སྟངས་འཛིན་འོག་ཁོ་ཚོའི་འཚོ་བ་འཚོལ་ཡུལ་དང། མ་འོངས་པར་སྐྱབས་བཅོལ་དུ་འབྱོར་མཁན་བཅས་ཀྱི་ཆེད་དུ་རྙོག་གླེང་མེད་པའི་ཁྲིམས་མཐུན་གྱི་ས་ཆ་བརྟན་པོ་ཞིག་རག་ཐབས་སུ་ཐུགས་བསམ་ནན་བཞེས་གནང་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད།
ང་ཚོ་སྐྱབས་བཅོལ་བར་མཚོན་ན། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རྩོད་ལེན་བྱེད་མཁན་ཞིག་ཡིན་དུས། ཡུལ་ལུང་འདིར་ལོ་ངོ་ག་ཚོད་རིང་སྡོད་དགོས་མིན་མི་ཤེས། འོན་ཀྱང། ད་ལྟའི་སྤྱི་ཚོགས་འདིར་དང་པོ་མི་སྒེར་གྱི་འཚོ་བའི་གོམ་ཁ་བརྟན་པོ་བཟོ་རྒྱུ་གལ་ཆེན་རེད། ལས་ཀ་གང་བྱས་ཀྱང་འཚོ་རྟེན་ཡག་པོ་ཞིག་མེད་ན་རྨི་ལམ་ལྟ་བུ་ཡིན། གཞུང་སྒེར་གཉིས་ཀྱི་ཐད་ལ་སྟོང་བཤད་ཙམ་ལས་ཕན་འབྲས་གང་ཡང་ཐོན་མི་ཐུབ། དེར་བརྟེན། གཞུང་གིས་རང་འཚོ་རྣམས་ལ་ཁྲིམས་མཐུན་གྱི་ཚོང་ལས་གཉེར་བར་ལམ་སྟོན་གནང་དགོས། དེ་ལྟ་བུ་ཞིག་ཡིན་པས་ཡུལ་ལུང་འདིར་རྙོག་གླེང་དང་ཁྲིམས་འགལ་མི་འབྱུང་ཞིང། ད་དུང་རྒྱ་གར་གཞུང་གིས་ཚོང་བཀྲམ་མི་འཇུག་པའི་ལས་ཁུངས་དག་ནམ་སླེབས་ནའང་ཚོང་རྫས་དང་ཁྲོམ་སྟེགས་(ལྕགས་ཀྱི་ཉལ་ཁྲི་)སོགས་འཕྲོག་གི་རེད་སྙམ་ནས་དངངས་འཚབ་ཀྱང་འབྱུང་མི་དགོས།
གཞུང་གི་སྟངས་འཛིན་འོག་མེད་པར་རང་སྣང་གང་དྲན་གྱིས་ལམ་ཁར་སོང་ན། ཁྲིམས་འགལ་དུ་འགྲོ་བར་གདོན་མི་ཟ། གལ་སྲིད་ཁྲིམས་འགལ་བྱས་ན། མ་འོངས་པར་གཞུང་སྒེར་གཉིས་ལ་དཀའ་ངལ་འཕར་མ་ཞིག་འཕྲད་ངེས་པས། མི་སྒེར་ངོས་ནས་གཞུང་གི་སྟངས་འཛིན་འོག་གནས་པར་བློ་སེམས་གཅིག་མཐུན་བྱེད་རྒྱུ་གལ་ཆེན་རེད། ངས་འདི་ལྟར་བཤད་དུས་མི་ཁ་ཤས་ཀྱིས་བོད་གཞུང་ལ་ས་ཆ་མེད་པས་ཁྲིམས་མཐུན་གྱི་ས་ཆ་གང་ནས་འཚོལ། སྲང་ལམ་གྱི་ཚོང་བཀྲམ་མཁན་ཚོའི་དོན་དག་དེ་ཆུང་ཆུང་རེད་ཅེས་བཤད་མཁན་ཡོད་སྲིད་མོད། རང་གཞུང་ལ་ས་ཆ་མེད་པ་ཚང་མས་ཤེས། ཡིན་ནའང་རང་གཞུང་གིས་ཐང་ཁྲོམ་སྟོན་མཁན་ཚོའི་ས་ཆའི་དཀའ་ངལ་དེ་རྒྱ་གར་གཞུང་ལ་ཞུ་བ་ཞིག་བྱེད་རྒྱུ་གལ་ཆེན་ཆགས་ཡོད། ཁྲོམ་ས་སྤྲད་དང་མི་སྤྲད་རྒྱ་གར་གཞུང་ལ་རགས་ལས་པས། རྒྱ་གར་གཞུང་གིས་མ་སྤྲད་ན་བོད་མི་སུ་ཡིན་ཡང་འཁང་ར་བྱེད་མི་སྲིད། ཁོ་ཚོའི་དཀའ་ངལ་གྱི་ཆེད་དུ་རང་གཞུང་གིས་དོ་སྣང་བྱེད་མིན་གཙོ་བོ་རེད། སྲང་ལམ་གྱི་དོན་དེ་ཆུང་ཆུང་མིན། དྷ་ས་མེག་གྷན་སྲང་ལམ་དུ་ཁྲོམ་སྟོན་མཁན་མི་ཚང་བརྒྱ་དང་བཞི་བཅུ་ཡས་མས་ཡོད་པས། དེ་དག་གི་འཚོ་བ་ཁྲོམ་སྟེགས་གཅིག་གི་སྟེང་དུ་འཚོལ་བཞིན་ཡོད། ཁོ་ཚོར་ཉིན་བཅོ་ལྔ་ཉི་ཤུའི་རིང་ཚོང་བཀྲམ་མ་བཅུག་ན། འཚོ་བའི་དཀའ་ངལ་གྱིས་གནོན་ཤུགས་ཡོད་པ་མ་ཟད། ཐ་ན་ཉིན་བདུན་བརྒྱད་ལ་ཚོང་བཀྲམ་མ་བཅུག་ནའང་འཚོ་བའི་གནོན་ཤུགས་དེ་སླེབས་འོང་བས། དེ་དོན་ཆེན་དུ་མཐོང་ནས་ཁོ་ཚོའི་གནས་སྟངས་དེ་རང་གིས་མཐོང་ཐོས་མྱོང་གསུམ་བྲིས་པ་ཞིག་ཡིན།།