བོད་ནང་ནས་པཎ་ཆེན་རིན་པོ་ཆེར་རྗེས་དྲན་ཞུས་པ།
སློབ་གྲྭ་དེར་པན་ཆེན་རིན་པོ་ཆེ་སྐུ་དངོས་སུ་བཞུགས་སྐབས་ཡ་རྫི་བོད་ཡིག་སློབ་འབྲིང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་དགེ་སློབ་རྣམས་ལ་བསྩལ་བའི་བཀའ་སློབ་རིན་པོ་ཆེ་སླར་ཡང་སྒྲོག་སྦྱངས་དང། ཀུན་གཟིགས་མཆོག་གི་ཟབ་ཡངས་དཀྱེལ་ཆེའི་དགོངས་པ་དང་རང་མི་རིགས་དང་རིག་གནས་ལ་བཅངས་པའི་བརྩེ་དུང་དང་དམ་བཅའ་སོགས་ཀྱིས་དགེ་སློབ་རྣམས་ལ་སྔར་མེད་དྲན་སྐུལ་བྱས་ཡོད་པ་རེད།
དེ་ནས་སློབ་གྲྭ་དེའི་བོད་ཡིག་དང་རྒྱ་ཡིག་གི་འཛིན་གྲྭ་བསྡོམས་ཉེར་གསུམ་ཡོད་པ་ལས་སློབ་མ་རེ་རེས་འཛིན་གྲྭའི་འཐུས་ཚབ་བྱས་ཏེ་༸ཀུན་གཟིགས་མཆོག་གི་མཛད་འཕྲིན་དང་མཐུན་པའི་རྩོམ་ཡིག་དང། འཁྲབ་སྟོན་བྱས་ཤིང་ཀུན་གཟིགས་མཆོག་གི་སྐུ་པར་མདུན་དུ་ཁ་བཏགས་སྒྲོན་པ་དང་། མཆོད་མེ་འབུལ་བ་སོགས་བོད་རང་གི་སྔར་སྲོལ་བཞིན་རྗེས་དྲན་བྱས་པ་མ་ཟད། དགེ་རྒན་འགའ་ཞིག་གིས་སློབ་མ་རྣམས་ལ་ཐ་མག་མི་འཐེན་པའི་སློབ་གསོ་བྱས་ནས། སློབ་མའི་ཁྲོད་ཐ་མག་འཐེན་མཁན་དག་གིས་རང་འགུལ་གྱིས་མི་འཐེན་པའི་དམ་བཅའི་ཡི་གེ་ལ་མིང་རྟགས་བཀོད་པ་སོགས་བྱས་ཡོད་པ་རེད།
ཡ་རྫི་བོད་ཡིག་སློབ་འབྲིང་ནི་པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་ཡུལ་བིས་མདོ་ངོ་མཚར་གྲོང་བརྡལ་དང་ཐག་མི་རིང་བའི་སར་༸ཀུན་གཟིགས་ཁོང་སྐུ་དངོས་ཀྱི་ཐུགས་བཀོད་ལྟར་༡༩༨༥ ལོར་དངོས་སུ་བཙུགས་ཤིང་། ད་ལྟའི་བར་སློབ་གྲྭ་ཆེ་འབྲིང་དུ་སློབ་མ་༡༨༠༠ ཞུགས་ཐུབ་པ་བྱུང་བ་དང་། ད་ལྟ་སློབ་མ་༡༢༠༠ ལྷག་དང་དགེ་ལས་བརྒྱ་ལྷག་ཡོད་པའི་ཡ་རྫི་ས་ཁུལ་གྱི་མཐོ་འབྲིང་གཉིས་ལྡན་གྱི་བོད་ཡིག་སློབ་འབྲིང་གཅིག་པུ་དེ་ཡིན་འདུག །