གོང་མ་བདག་ཁྲི་རིན་པོ་ཆེར་བརྟན་བཞུགས།
དགའ་ཐེག་ཆེན་དཔལ་འབར་ཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་མཆོག་དཔལ་ལྡན་ས་སྐྱ་པའི་ལུགས་ཟུང་གསེར་གྱི་ཁྲི་འཕང་མཐོན་པོར་མངོན་པར་དབང་བཀུར་བདག་གིར་བཞེས་ནས་མི་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བར་དཔལ་ལྡན་ས་སྐྱ་པའི་ལྷ་མི་རྗེས་འཇུག་ཡོངས་ནས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་བལྟམས་པའི་གནས་ཆེན་ལུམ་བཱིའི་ཚལ་དུ་བརྟན་བཞུགས་དང་དུས་ཆེན་སྲུང་བརྩི་ཟབ་རྒྱས་བཀྲིས་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་ཟིན་པའི་གནས་བསྡུས་ཤིག་འདིར་ཞུ་རྒྱུ་ཡིན། དེ་ཡང་ཕྱི་ལོ་༡༩༥༡ ལོར་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་གཟིགས་ཀྱིས་དཔལ་ལྡན་ས་སྐྱ་པའི་ཆོས་སྲིད་ཁྲི་ཆེན་གྱི་བདག་པོར་དབང་བཀུར་བཀའ་ཡིག་གསེར་དམ་འབྱར་མ་བཀྲིན་བསྩལ་བ་བཞིན། ཕྱི་ལོ་༡༩༥༢ ལོར་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱའི་ཆོས་སྡེ་ལྷོ་བྱང་གི་ལས་ཚན་དང། དྲུང་རིགས་སེར་སྐྱ་ཚང་འཛོམས་སར་ས་སྐྱའི་ཞབས་པད་ནས་བཀའ་ཡིག་རིན་པོ་ཆེ་སྒྲོགས་སྦྱང་དང་འབྲེལ་ཁྲི་པ་གསར་པ་ཐུགས་གཏན་འཁེལ་བའི་གསལ་བསྒྲགས་དང་འབྲེལ་ནང་མའི་མཛད་སྒོ་སྟབས་བདེ་ཞིག་མཛད་དེ་རྒྱས་པར་རྗེས་སུ་གནང་རྒྱུའི་གྲ་སྒྲིག་ཟབ་རྒྱས་ཞུ་མུར་དུས་ཚོད་གང་འཚམས་ཕྱིན་ཟིན་ནའང། ༡༩༥༩ ལོར་ལུགས་མཐུན་ཁྲི་སྟོན་ཟབ་རྒྱས་ཞུས། དེ་ནས་བཟུང་ལོ་ལྔ་བཅུ་འཁོར་བར་བརྩིས་པ་ལས་རྩ་བའི་ཁྲིར་ཕེབས་པ་ནས་བརྩིས་ན་བགྲང་བྱ་ལྔ་བཅུ་ང་བདུན་དུ་འཁོར། དེ་ཡང་ཐོག་མར་ཕྱི་ལོ་༢༠༠༨ ཟླ་༡༠ ཚེས་༡༩ ལ་དཔལ་ལྡན་ས་སྐྱ་པའི་གདན་ས་བཞིའི་སྐུ་ཚབ་ལྷན་འཛོམས་ཀྱིས་དུས་དྲན་སྲུང་བརྩིའི་ཐད་གྲོས་བྱས། དེ་ནས་སྐྱབས་མགོན་འཁོར་ལོའི་མགོན་པོ་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་དང་དུས་དྲན་སྲུང་བརྩི་ཆོག་པའི་བཀའ་ཁྲོལ་ཆེད་སྙན་སེང་ཞུས། འོན་ཀྱང་མགོན་པོ་མཆོག་ནས་དུས་དྲན་སྲུང་བརྩི་ཞུ་དགོས་དོན་ཡོད་མ་རེད། སྐྱབས་བཅོལ་བའི་གནས་སྟངས་འདི་འདྲ་ཞིག་ལ་བལྟས་ནའང་གལ་ཆེ་རྒྱུ་དང་གཟི་བརྗིད་ཆེ་རྒྱུ་ཡང་ཡོད་མ་རེད་ཅེས་བཀའ་ལུང་མ་ཐོབ། སླར་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་དགོས་པ་དང་རྒྱུ་མཚན་འགྲེལ་བཤད་ཞུས་པ་དང་འབྲེལ་གསོལ་བ་ཕུར་ཚུགས་སུ་བཏབས་མཐར་ཞལ་བཞེས་ཐོབ་པ་བྱུང། དེ་ནས་རང་ལུགས་ཆོས་སྡེ་ཚོགས་སྐྱིད་ཕྱི་ནང་གང་སར་ལོ་ངོ་ཧྲིལ་པོར་གསེར་ཁྲི་མངའ་གསོལ་གྱི་ལོ་ངོ་ལྔ་བཅུ་ཞེས་པའི་མཚན་བསྒྲགས་ཐོག་ས་གནས་སོ་སོར་སྟབས་དང་དུས་བསྟུན་གྱིས་དུས་དྲན་སྲུང་བརྩི་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་ཞུས་ཏེ་མཛད་རིམ་རིམ་པར་བསྐྱངས་དང་སྐྱོང་བཞིན་པ་ཡིན། མཛད་རིམ་གྱི་གཙོ་བོ་ནི་བརྟན་བཞུགས་ཟབ་རྒྱས་ཞུས་པ་འདི་ཉིད་ཡིན། དེ་ཡང་རྡོར་སློབ་སྒྲོལ་མ་ཕོ་བྲང་གི་འཁོན་གདུང་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་དབུས་བླ་སྤྲུལ་དགེ་འདུན་བསྙེན་སོང་དང་བགྲེས་གྲས་བསྡོམས་ལྔ་བརྒྱ་བརྒལ་བ་ནས་ཉིན་གསུམ་རིང་སྒྲོལ་དཀར་འཆི་མེད་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་སྒྲུབ་འབྱོར་དངོས་རྗེས་གཙང་གནད་སྨིན་མཛད་དེ་བོད་རྒྱལ་ལོ་༢༡༣༦ ཕྱི་ལོ་༢༠༠༩ ཟླ་༡༡ ཚེས་༢༥ ཞོགས་པ་ཆུ་ཚོད་༨ པའི་ཐོག་ལམ་གྱི་གཡས་གཡོན་དུ་སྐྱ་སེར་ཡོངས་ནས་ལག་གཉིས་ཐལ་མོ་སྦྱར་ཏེ་སྤོས་མེ་མཆོད་རྫས་ཐོགས་ཏེ་ཕེབས་སྒུག་ཞུས་བཞིན། ལམ་གྱི་དབུས་སུ་མགོན་པོ་གང་ཉིད་རྟ་དང་གླང་པོ་ཆེས་མདུན་བསུས་ཏེ་འཁོན་གདུང་རྣམ་པ་དང་བླ་སྤྲུལ་མཁན་པོ་རྣམས་ནས་སྤོས་མེ་དང་སེར་མོ་བ་ཁག་ནས་གདུགས་རྒྱལ་མཚན་སོགས་མཆོད་རྫས་ཐོགས་བཞིན་པ་ནས། བལ་ཡུལ་ལྷ་མོ་ཚོགས་པ་ནས་བཀྲིས་ཞོལ་པ། གློ་སོགས་ཡུལ་ལུང་སྣ་ཚོགས་ཀྱི་ཡུལ་མི་རྣམས་ནས་རང་ལུགས་ཆས་རྒྱན་ཟབ་འཆོར་གྱིས་བཀྲིས་པའི་གཞས་ཚིག་གི་གདངས་དབྱངས་དང་བཅས་སྤྱི་ལེ་གཅིག་ལྷག་མཚམས་ནས་བསུ་བ་ཟབ་རྒྱས་ཞུས་ཏེ་མཐར་བཀྲིས་རབ་བརྟན་གཙུག་ལག་ཁང་གི་དབུས་སུ་རྨ་བྱ་སོགས་གདུགས་རིམ་པ་སུམ་བརྩེགས་ཀྱིས་རྣམ་པར་བརྒྱན་པའི་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་མངོན་པར་མཐོན་པར་ཞབས་སོར་འཁོད་འཕྲལ། འཁོན་གདུང་རཏྣ་བཛྲ་རིན་པོ་ཆེ་མཆོག་ནས་ཞབས་འཁོད་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་ནས་རིམ་པས་ཆོ་ག་དབུ་འཛུགས་ཀྱིས་གསོལ་ཇ་བཞེས་འབྲས་འདེགས་འབུལ་ཞུས། ཆོ་གའི་ཚིག་མཚམས་དང་བསྟུན་རིམ་པས། དཔལ་སྐྱའི་སྤྱི་འཐུས་ཚེ་རིང་པོ་དང་པདྨ་འབྱུང་གནས་ལགས་གཉིས་ནས་མཎྜལ་ཞིང་ཁམས་རྒྱ་མཚོའི་ཕྱོགས་གཉིས་མཐོན་པོར་བཏེགས་བཞིན་པར་རྡོ་སློབ་སྒྲོལ་མ་ཕོ་བྲང་འཁོན་གདུང་རཏྣ་བཛྲ་རིན་པོ་ཆེ་མཆོག་ནས་མཎྜལ་ལྗགས་བཤད། ངོར་མཁན་པོ་ཁྲི་པ་ཐར་རྩེ་མཁན་རིན་པོ་ཆེ་མཆོག་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས། སྒྲོལ་ཕོའི་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་ནས་འབུལ་སྒོའི་མཎྜལ། ཕུན་ཕོའི་འཁོན་གདུང་ཨ་བྷི་ཀིརྟ་རིན་པོ་ཆེ་མཆོག་ནས་ཞལ་བཞེས་གསོལ་འདེབས། ཕུན་ཕོའི་གདུང་སྲས་ཨ་སངྒ་རིན་པོ་ཆེ་མཆོག་ནས་ཞལ་བཞེས་བཏང་རགས་མཎྜལ། ཞབས་དྲུང་རིན་ཆེན་དཔལ་འབྱོར་རིན་པོ་ཆེ་མཆོག་ནས་རྒྱལ་སྲིད་སྣ་བདུན། གོང་དཀར་སྤྲུལ་སྐུ་རྡོ་རྗེ་གདན་པ་རིན་པོ་ཆེ་མཆོག་ནས་བཀྲིས་རྫས་བརྒྱད་བཅས་འདེགས་འབུལ་ཞུས། དེ་མཚམས་ཕོ་བྲང་རྣམ་གཉིས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་བཀའ་ཤག་སྐུ་ཚབ་ཆོས་རིག་བཀའ་བློན། བླ་བྲང་ཁག་དང། གདན་ས་བཞི་དང་རང་ལུགས་དགོན་སྡེ་གྲྭ་ཚང་ཚོགས་སྐྱིད་རྣམས་དང། རིས་མེད་བླ་ཆེན་དགོན་སྡེ་དང་ཕྱི་རྒྱལ་ཆོས་ཚོགས་ཁག་གི་སྐུ་ཚབ་ཁྱོན་བསྡོམས་བརྒྱ་དང་ལྔ་བཅུ་བརྒལ་བ་ཁུངས་སོ་སོ་ནས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་འབྲེལ་འབུལ་བའི་རྣམ་བཞག་བསྟར་འབུལ་ཞུས། དངོས་གཞི་ཆོ་ག་ཆུ་ཚོད་༡༡།༤༥ ཙམ་ལ་གྲུབ་པ་བྱུང་ཡང་རྟེན་གསུམ་འདེགས་འབུལ་མང་བའི་ཚང་ཀའི་ངང་ཉིན་རྒྱབ་ཚོུད་༡།༥༠ བར་གྲོལ་མ་ཐུབ། དེ་ནས་ཉིན་གུང་གུང་ཚིགས་གྲུབ་སྟེ་ཚོུད་༢།༤༥ ཐོག་གནས་ས་ཁྱད་པར་ཅན་དུ་དབུ་གུར་ནང་བླ་ཆེན་ལས་ཚན་རྣམ་པ་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང༌། ཆོས་རིག་བཀའ་བློན་དང་ཆོག་གྲྭ་བ་བཅས་ནས་སྤོས་རྒྱ་དང་བཀྲིས་ཞོལ་པས་བསུ་བ་ཞུས། ཞབས་སོར་འཁོད་མ་ཐག་སྣང་གསལ་ཞལ་ཕྱེ་དང༌། དེ་འཕྲལ་མང་བཀུར་གློ་བོ་ཆོས་རྒྱལ་འཇིགས་མེད་སངྒེ་མཆོག་ནས་སྲིད་ན་རིང་བའི་དར་དཀར་ཉིན་མོ་བདེ་ལེགས་ཀྱིས་སྣེ་ཐོགས་ཏེ་གསེར་དངུལ་བཀྲ་མའི་རྩིབས་སྟོང་འཁོར་ལོའི་ཕྱག་མཚན་འདེགས་འབུལ་ཞུས། དེ་འཕྲལ་དེར་འདུས་རྒྱལ་ཁབ་མི་འདྲ་བ་ཉི་ཤུ་རྩ་ལྔ་བརྒལ་བའི་མི་རིགས་རྣམས་ནས་བཀྲིས་པའི་མེ་ཏོག་གི་ཆུན་པོ་རེ་རེ་ཕྱག་ཏུ་ཕུལ། དེ་ནས་བལ་ཡུལ་ཁྲ་རིག་དགོན་གྱི་དགེ་འདུན་པ་ཁག་གཅིག་ནས་ཕུན་སུམ་ཚོགས་པའི་བཀྲིས་ཚིག་བཅད་གདངས་བསྐུལ་དང༌། ས་སྐྱ་བཙུན་དགོན་རིན་ཆེན་ཆོས་གླིང་གི་བཙུན་མ་ཁག་གཅིག་ནས་སཾསྐྲིཏའི་སྐད་དུ་འཇམ་དབྱངས་བསྟོད་པ་གདངས་འདོན། ནེ་པལ་བྷྱོཾ་ཀུ་སུ་མའི་ཚོགས་མི་ཁག་ཅིག་ནས་མར་མེའི་ཆོ་གའི་མཆོད་པ། བལ་ཡུལ་ལྷ་མོ་ཚོགས་པའི་གཞས་པ་ཁག་ནས་བདེན་ཚིག་སྨོན་ལམ་གདངས་དོན་བཅས་ཞུས། དེ་མཚམས་བརྟན་བཞུགས་གོ་སྒྲིག་ཚོགས་པའི་ཚོགས་གཙོ་འཕགས་ཡུལ་ར་ཛ་སྤུར་ས་སྐྱ་ཆོས་སྒར་གྱི་དྲུང་ཆེ་འཇམ་དབྱངས་ལེགས་བཤད་ལགས་ནས་ྋགོང་ས་ྋསྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་གསུང་འཕྲིན་རིན་པོ་ཆེ་སྙན་སྒྲོན་དང་མཛད་སྒོར་འདུས་པ་ཡོངས་ལ་བྱོན་པ་ལེགས་སོ་དང་མཛད་སྒོའི་ངོ་སྤྲོད་གསུངས་བཤད་གནང༌། དེ་ནས་རིམ་བཞིན་རྫོང་སར་བཤད་གྲྭའི་མཁན་ཆེན་འཇམ་དབྱངས་བློ་གསལ། དཔལ་ས་སྐྱའི་མཐོ་སློབ་ཀྱི་མཁན་ཆེན་བསོད་ནམས་རྒྱ་མཚོ། བལ་ཡུལ་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཞོན། ཚར་པ་བཅོ་བརྒྱད་ཞབས་དྲུང་རིན་པོ་ཆེ། རྫོངས་པ་གོང་དཀར་སྤྲུལ་སྐུ་རྡོ་རྗེ་གདན་པ་རིན་པོ་ཆེ། ངོར་མཁན་པོ་ཁྲི་པ་ཐར་རྩེ་མཁན་རིན་པོ་ཆེ། གློ་བོ་རྒྱལ་སྲས་མཆོག་བཅས་ནས་གསུང་བཤད་གནང༌། དེ་ནས་བཀའ་ཤག་སྐུ་ཚབ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ནས་བཀའ་ཤག་གི་གསུང་འཕྲིན་དང་གསུང་བཤད། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་སྤྱི་འཐུས་གསུང་འཕྲིན་སྒྲོགས་སྦྱང་མཛད། དེ་མཚམས་ཕུན་ཕོའི་ྋསྐྱབས་མགོན་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་ནས་དཔལ་ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད༌། དེའི་ཁ་སྐོང་ཡང་སྐོང་དང་བཅས་གསར་བསྐྲུན་དེབ་གསུམ་ཞལ་ཕྱེ་དང་འབྲེལ་གསུང་བཤད་བཀྲིན་བསྩལ། དེ་ནས་དཔལ་ས་སྐྱའི་སྐྱབས་མགོན་ྋགོང་མ་ཁྲི་ཆེན་༤༡ པ་ཆེན་པོ་མཆོག་ནས་གདན་རབས་དེབ་གསར་དང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནས་གསར་བསྐྲུན་གཙང་གཡས་རུ་རྩེ་གདོང་གི་ཕྱི་ནང་སྣོད་བཅུད་ཀྱི་ངོ་སྤྲོད་ལོ་རྒྱུས་གཞོན་ནུའི་མགུལ་རྒྱན། ཨ་མདོ་འཕེལ་ཁེ་བླ་བྲང་ནས་རྒྱུ་ཡོན་སྦྱར་ཏེ་གསར་བསྒྲིགས་ས་སྐྱའི་ཁྲི་རབས་གཅེས་བཏུས་ཕྲིན་ལས་ཀུན་ཁྱབ་བཅས་དེབ་གསུམ་པོ་ཞལ་ཕྱེ་དང་འབྲེལ་བཀའ་སློབ་རིན་པོ་ཆེ་བཀྲིན་བསྩལ། དེ་ནས་གློ་དང་རྟ་མང༌། གུ་རུང་དང་ཐ་ཀ་ལི་སོགས་ཁག་ཅིག་ནས་རིག་གཞུང་ཁྲབ་སྟོན་དང་སུད་སི་བོད་རིགས་བུ་མོ་ཚེ་རིང་སྐལ་ལྡན་དང་ལྡི་ལིར་བཞུགས་པ་གཞས་པ་མཁྱེན་རྩེ་རིན་ཆེན་གཉིས་སོ་སོ་ནས་བསྟོད་གཞས་༼རྩ་བའི་བླ་མ།༽ཞེས་པ་ཁག་གཉིས་བཅས་ཁྲབ་སྟོན་གྱི་རིན་པ་དེའི་ངང་གྲུབ། དེ་ནས་འཕགས་ཡུལ་སྡེ་ར་དཱུན་ཁ་ར་ཀེམ་རྫོང་པའི་གདན་ས་གོང་དཀར་ཆོས་སྡེའི་མཁན་པོ་འཇམ་དཔལ་ཆོས་འཛིན་ལགས། བལ་ཡུལ་ཚར་པའི་གདན་ས་བྱམས་ཆེན་ལྷ་ཁང་གི་དྲུང་ཆེ་བཀྲིས་རྒྱལ་མཚན་ལགས། འཕགས་ཡུལ་མན་ཌུ་ཝ་ལ་ངོར་གདན་ས་ཨེ་ཝྃ་ཆོས་ལྡན་གྱི་དྲུང་ཆེ་བློ་བཟང་ཐུབ་བསྟན་ལགས་བཅས་ནས་རིམ་པས་བོད་སྐད། བལ་སྐད་དང་དབྱིན་སྐད་ཐོག་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་བཅས། དེ་ཉིན་གྱི་མཛད་སྒོ་གནམ་གཤིས་བཟང་བ་སོགས་རྟགས་རྟེན་ཕུན་སུམ་ཚོགས་པ་རྒྱལ་ཁའི་ངང་ལེགས་པར་གྲུབ།
གཞན་ཡང་བརྟན་བཞུགས་ཚོགས་པ་དང་བལ་ཡུལ་WWF ཚོགས་པ་དང་ལུམ་བཱི་ནི་ཡར་རྒྱས་ཚོགས་པ་ཐུན་མོང་ནས་མཛད་སྒོའི་སྔོན་འགྲོའི་ཆ་ལགས་སུ་གནས་སར་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་སྐུ་འགྲམ་དུ་ཕྱི་ཚེས་༢༣ ཉིན་ཁོར་ཡུག་སྲུང་སྐྱོབ་དང་ཚེས་༢༤ ཉིན་འཛམ་གླིང་ཞི་བདེའི་མཛད་རིམ་གོ་སྒྲིག་ཞུས། སྐྱབས་མགོན་ྋགོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་ཕུན་ཕོའི་སྐྱབས་མགོན་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་རྣམ་གཉིས་ཚོགས་མགོན་དུ་བཀྲིན་བསྐྱངས་པའི་ཐོག་ཕོ་བྲང་རྣམ་གཉིས་ཀྱི་འཁོན་གདུང་རྣམ་པ་དང་བླ་སྤྲུལ་མཁན་པོ་དགེ་བཙུན་ལྔ་སྟོང་བརྒལ་བ་དང༌། ཕྱི་རྒྱལ་མི་རིགས་ཁག་སུམ་བརྒྱ་ལྷག་ཙམ་དང༌། བལ་ཡུལ་དང་ཕྱོགས་གཞན་ནས་ཕེབས་པའི་བལ་མི་དང་བོད་རིགས། ཧི་མ་ལའི་རིགས་རྒྱུད་བཅས་མི་གྲངས་བསྡོམས་སྟོང་ཚོ་བརྒལ་བ་འདུས་པའི་ཐོག་སྐྱབས་མགོན་ྋགོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནས་ཉིན་སོ་སོར་མཛད་སྒོའི་ངོ་བོ་དང་བསྟུན་བཀའ་སློབ་རིན་པོ་ཆེ་རྣ་བའི་བདུད་རྩི་བསྩལ་ཏེ་དེར་འདུས་ཡོངས་ཀྱི་སེམས་བྱིན་ཆགས་པ་གྱུར། མཐར་རང་ཅག་ཁ་བ་ཅན་གྱི་ཆོས་སྲིད་ཡོངས་ཀྱི་བདག་པོ་ྋགོང་ས་སྐུ་ཕྲེང་༡༤ པ་ཆེན་པོ་མཆོག་དང༌། རིས་མེད་བསྟན་འཛིན་ཐམས་ཅད་ཞབས་པད་བསྐལ་བརྒྱར་བརྟན་པ་དང་གཞིས་བྱེས་མཉམ་འཛོམས་ཆོས་སྲིད་རང་དབང་གི་ཉི་མ་མྱུར་དུ་འཆར་བ་དང༌། འཛམ་གླིང་ཡོངས་ལ་སྙིགས་ལྔའི་རྒུད་ཚོགས་ཞི་ཞིང་ཞི་བདེའི་དཔལ་ཡོན་རྒྱས་པའི་ཐུགས་སྨོན་གནད་སྨིན་དང་འབྲེལ་བླ་སྤྲུལ་དགེ་འདུན་སེར་སྐྱ་ཡོངས་ནས་མཐུན་འགྱུར་བསྔོ་སྨོན་དང་བཅས་མཛད་རིམ་ཉིན་གཉིས་སོ་སོར་ལེགས་གྲུབ་བྱུང༌། མདོ་དོན་མཉན་འཕྲང་ཅན་གྱི་དུས་སྐབས་འདི་ལྟ་བུའི་ལོ་ངོ་ལྔ་བཅུའི་རིང་སྐུ་ངལ་ཁྱད་བསད་ཀྱིས་བསྟན་འགྲོའི་ཐུགས་འཁུར་དབུ་ཁྲིད་བསྐྱངས་ཏེ་བདག་ཅག་རྗེས་འཇུག་ཡོངས་ལ་ཆོས་ནོར་འདོད་ཐར་གྱི་བཀའ་དྲིན་བསམ་བརྗོད་ལས་འདས་པ་མཛད་པ་ནི་ཁྲི་རབས་ཀུན་གྱི་ནང་ནས་ལོ་རྒྱུས་ཀྱི་སྙིང་པོ་ཞིག་ཏུ་གྱུར་པ་དང༌། རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་སྒཽ་ནས་དཔལ་ལྡན་ས་སྐྱ་པའི་བསྟན་པ་ཚང་ལ་མ་ནོར་བ་སྔར་ལས་ཆེས་ལྷག་པར་གནས་ཐུབ་པ་འདི་ནི་མགོན་པོ་གང་ཉིད་ཀྱི་གསང་གསུམ་ཐུགས་རྗེའི་བདག་རྐྱེན་ཁོ་ན་ལས་བྱུང་བ་ཡིན་པ་ནི་དུས་རྟག་ཏུ་རྗེས་དྲན་ཞུ་དགོས་པ་ཡིན་པ་དང༌། བདག་ཅག་རྗེས་འཇུག་རྣམས་ཀྱི་བསོད་ནམས་ཚོགས་གསོག་གི་གོ་སྐབས་ཀྱང་འདི་ལས་ཆེ་བ་མེད་པར་བསྟེན་བརྒྱ་གོ་གཅིག་ཆོད་ཀྱི་ཚུལ་དུ་བརྟན་བཞུགས་འབུལ་བ་ཞིག་དང་ལྷག་པར་དུ་བརྟན་བཞུགས་ཕུལ་བ་འདི་ནི་མགོན་པོ་གང་ཉིད་ཀྱི་སྐུ་ཚེ་བརྟན་པའི་ཆེད་ཙམ་དུ་མ་ཡིན་པར་བསྟན་པ་སྤྱི་བྱེའི་བདེ་རྩའི་ཞབས་རིམ་དུ་ངོས་འཛིན་ཞུ་ཡི་ཡོད།
སླར་ཡང་ྋསྐྱབས་མགོན་ྋགོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་བཀའ་ཡི་བསྐུལ་བ་གནང་བར་བརྟེན་ཕྱི་ཚེས་༢༧ ཉིན་འཛམ་གླིང་བསྟན་འགྲོའི་དཔལ་མགོན་ཕུན་ཚོགས་ཕོ་བྲང་གི་ྋསྐྱབས་མགོན་བདག་ཆེན་འཇིགས་བྲལ་ངག་དབང་ཀུན་དགའ་བསོད་ནམས་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་ལ་ཡང་དེ་བཞིན་བརྟན་བཞུགས་ཚོགས་པ་འདིའི་ངོས་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་ཟབ་རྒྱས་འདེགས་འབུལ་ཞུས།
དེ་ཡང་ྋསྐྱབས་མགོན་བདག་ཆེན་རིན་པོ་ཆེ་མཆོག་རྩེ་གཟིམ་ཆུང་ནས་འཁོན་གདུང་བླ་ཆེན་ལས་སྣེ་རྣམས་ནས་སྤོས་རྒྱས་སྤྱན་དྲངས་ཏེ་བཞུགས་ཁྲིར་ཞབས་སོར་འཁོར་འཕྲལ་རྡོ་སློབ་སྒྲོལ་མ་ཕོ་བྲང་གི་འཁོན་གདུང་རཏྣ་བཛྲ་རིན་པོ་ཆེ་མཆོག་ནས་ཞབས་འཁོད་མཎྜལ་འདེགས་འབུལ་ཞུས། དེ་ནས་ཆོ་གའི་མཚམས་དང་བསྟུན་སྤྱི་འཐུས་ཚེ་རིང་པོ་དང་ས་གཞིས་སྤུར་ཝ་ལའི་གཞིས་འགོ་དབང་རྒྱལ་ལགས་གཉིས་ནས་མཎྜལ་ཞིང་ཁམས་ཀྱི་སྣེ་བཏེགས་ཏེ་ཕུན་ཕོའི་འཁོན་གདུང་ཨ་བྷི་ཀིརྟ་རིན་པ་ཆེ་མཆོག་ནས་མཎྜལ་ལྗགས་བཤད་མཛད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྒྲོལ་ཕོའི་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་དང༌། འབུལ་སྒོའི་མཎྜལ་ཕུན་ཕོའི་འཁོན་གདུང་ཨ་སངྒ་རིན་པོ་ཆེ་མཆོག་དང། ཞལ་བཞེས་གསོལ་འདེབས་ཀླུ་ལྡིང་མཁན་རིན་པོ་ཆེ་མཆོག་དང༌། གཏང་རགས་མཎྜལ་སྒྲོལ་ཕོའི་འཁོན་གདུང་རཏྣ་བཛྲ་རིན་པོ་ཆེ་མཆོག་དང༌། རྒྱལ་སྲིད་སྣ་བདུན་བཅོ་བརྒྱད་ཞབས་དྲུང་རིན་པོ་ཆེ་མཆོག་དང༌། བཀྲིས་རྫས་བརྒྱད་སྤྲུལ་སྐུ་རྡོ་རྗེ་གདན་པ་རིན་པོ་ཆེ་མཆོག་བཅས་བླ་སྤྲུལ་རྣམས་ནས་འདེགས་འབུལ་ཞུས། ཕོ་བྲང་རྣམ་གཉིས་དང་བླ་བྲང་ཁག གདན་ས་བཞི་དང་དགོན་སྡེ་གྲྭ་ཚང་ཚོགས་སྐྱིད་ཁག་བཅས་ནས་རིམ་པས་རྟེན་གསུམ་འདེགས་འབུལ་དང་འབུལ་བའི་རྣམ་གཞག་བསྟར་འབུལ་ཞུས་ཏེ་བཀྲ་ཤིས་ཕུན་སུམ་ཚོགས་པའི་ངང་ལེགས་པར་གྲུབ།
བརྟན་བཞུགས་འདིར་ཞལ་འདེབས་སྦྱིན་པ་པོ་དང་མ་དངུལ་རྩོལ་སྒྲུབ་གནང་མཁན་རྣམས་དང་ཕྱག་ལས་གནང་མཁན་ཡོངས་ནས་ལྷག་བསམ་མོས་གུས་བཅོས་མིན་གནང་བ་དང། ལྷག་པར་སྡེ་གཞུང་ཡབ་ཚང་མ་བུ་གཉིས་ནས་དུས་དྲན་འདིར་ཆེད་དམིགས་ཀྱིས་སླར་ཡང་འདི་ལོའི་སྨོན་ལམ་སྐབས་བཅོ་བརྒྱད་པའི་སྦྱིན་བདག་མཛད་པ་དང་བརྟན་བཞུགས་གོ་སྒྲིག་ཚོགས་པར་གང་སྤྱིར་མཐུན་འགྱུར་རོགས་རམ་གནང་བ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ས་སྐྱ་མཐོ་སློབ་ཀྱི་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ནས་ཐུགས་འཁུར་གྱིས་གདན་རབས་དེབ་གསར་ཕྱོགས་བསྒྲིགས་གསར་རྩོམ་དང་དགེ་སློབ་ཁག་ཅིག་ནས་ཞུ་དག་དང་དཔར་བསྐྲུན་གྱིས་ངལ་བ་དྭང་དུ་བླངས་པ་དང་དེ་བཞིན་འཕགས་ཡུལ་ཧི་མཱ་ཅལ་སྤུར་ཝ་ལ་ས་སྐྱ་མ་དགོན་བཤད་གྲྭའི་མཁན་པོ་ལས་ཐོག་ཆོས་ཀྱི་ཉི་མ་དང་ངག་དབང་ཉི་མ་ལགས་གཉིས་ནས་འགན་ཁུར་གྱིས་བཤད་གྲྭའི་དགེ་སློབ་ཁག་བཅས་ནས་དེང་སང་དཔེ་རྒྱུན་དཀོན་པའི་དཔལ་ས་སྐྱའི་གདུང་རབས་པོད་གསུམ་ཞུ་དག་ལེགས་བཅོས་དང་དཔར་བསྐྲུན་གྱི་འགན་ཁུར་ངལ་བ་འཛེམས་མེད་ཀྱིས་བསྟན་པའི་སྲི་ཞུ་གནང་བ་སྙིང་ནས་རྗེས་སུ་ཡི་རང་ཞུ། སྤོག་ར་པདྨ་ཚལ་འགན་འཛིན་ཀུན་དགའ་དོན་གྲུབ་ལགས་ནས་གློག་བརྙན་པར་པ་གྲྭ་རིག་འཛིན་ལགས་མཛད་སྒོའི་རིང་དགོངས་ཁྲོལ་དང་པར་ཆས་ཕིང་ཤོག་བཅས་ཞལ་འདེབས་མཛད་པར་ཐུགས་རྗེ་ཆེ་ཞུ།
མཐའ་དོན་དེ་ལྟ་བུའི་དགེ་བའི་རྩ་བའི་མཐུས་གངས་ལྗོངས་ལྷ་མི་ཡོངས་ཀྱི་མགོན་དཔུང་མཚུངས་ཟླ་མ་མཆིས་པ་ཆོས་སྲིད་ཡོངས་ཀྱི་མངའ་བདག་ྋགོང་ས་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང༌། ༧སྐྱབས་མགོན་གོང་མ་ཁྲི་ཆེན་མཆོག ྋསྐྱབས་མགོན་ྋགོང་མ་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུས་རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་བུ་ཐམས་ཅད་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་རླབས་ཆེན་ཐུགས་བཞེས་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། སྦྱིན་པའི་བདག་པོ་རྣམས་ཀྱི་གཙོས་པའི་རིགས་དྲུག་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མ་ལུས་པ་བདེ་བླག་ཏུ་ཐོབ་པའི་སྨོན་འདུན་ཞུ། ཞེས་དཔལ་ས་སྐྱའི་གསེར་ཁྲི་མངའ་གསོལ་བརྟན་བཞུགས་གོ་སྒྲིག་ཚོགས་པ་ནས་ཕྱི་ལོ་༢༠༠༩ ཟླ་༡༢ ཚེས་༢༡ ལ་གུས་པས་
ཕུལ།།