ཤེས་ཡོན་སྲིད་བྱུས་གསར་པ་ལག་བསྟར་བྱེད་ཐུབ་བམ།

“ཤེས་ཡོན་གྱི་གནས་སྟངས་སྤྱི་ཡོངས་ཀྱི་ཐོག་ནས་ན་ནིང་དམིགས་བསལ་ཚོགས་ཆེན་འཚོགས་ཚར་བའི་རྗེས། ༧གོང་ས་མཆོག་གིས་བཀའ་སློབ་གནང་བ་བཞིན། རྩ་བའི་ཡར་རྒྱས་སོང་ཡོད་པ་རེད་མོད། རིགས་གཅིག་རྐང་འཛིན་དང། ཁེ་ལས། ཆེད་ལས་དེ་ཚོའི་ཐོག་ང་ཚོའི་སྤྱི་ཚོགས་ལ་དགོས་མཁོ་ཡོད་པ་ནང་བཞིན་ཐོན་ཐུབ་མེད་པ་དེ་གསལ་པོ་རེད་བསམ་གྱི་འདུག བཀའ་ཤག་སྐབས་བཅུ་གཉིས་པ་ནས་ཤེས་ཡོན་སྲིད་ཇུས་གསར་པ་དེའི་ཐོག་ནས་བོད་པའི་སྐད་ཡིག་དང། རིག་གནས་དེ་ཚོ་ལག་བསྟར་བྱེད་བཞིན་པ་རེད། དེའི་གྲུབ་འབྲས་ངོ་མ་ག་འདྲ་ཐོན་གྱི་ཡོད་མེད་ད་ལྟ་ཞུ་ཚོད་ཁག་པོ་རེད། འབྱུང་འགྱུར་གྱི་ལོ་བདུན་བརྒྱད་ནང། ད་ལྟ་ཤེས་ཡོན་སྲིད་ཇུས་གསར་པའི་འོག་གི་སློབ་མ་ཚོ་མཐོ་སློབ་ཏུ་འགྲོ་རྒྱུའི་དུས་ཚོད་སླེབས་ཡོང་གི་རེད། དེའི་སྐབས་གནས་སྟངས་ག་འདྲ་ཆགས་ཀྱི་འདུག་བལྟ་རྒྱུ་རེད། ཡག་པོ་ཡོང་གི་རེད་བསམས་ནས་རེ་བ་རྒྱག་གི་ཡོད་”ཅེས་གསུངས་སོང།
ཤེས་ཡོན་སྲིད་ཇུས་གསར་པ་དེ་སྤྱི་འཐུས་གྲོས་ཚོགས་ནང་སྤྱི་མོས་ཀྱིས་གཏན་འབེབས་གནང་བ་ཞིག་རེད། ད་ལྟ་དཔེ་སྟོན་སློབ་གྲྭ་དང། སཾ་བྷོཊའི་སློབ་གྲྭ་ཁག་ལས་གཞན་པར་ལག་བསྟར་བྱེད་ཐུབ་ཀྱི་མེད་པ་རེད། གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་སྲིད་ཇུས་དེ་སློབ་གྲྭ་སྤྱི་ཡོངས་ལ་ལག་བསྟར་མ་ཐུབ་པ་དེའི་ཐོག་དགོངས་ཚུལ་ག་རེ་ཡོད་ཅེས་དྲིས་པར།
ཁོང་གིས་གསུང་དོན། “བཀའ་ཤག་གིས་གྲོས་གཞི་བཏོན་པ་དང། སྤྱི་འཐུས་ནས་གཏན་འབེབས་བྱས་པ་ཞིག་ཡིན་པས། རྒྱལ་ཁབ་ཀྱི་སྲིད་ཇུས་རེད། ཚང་མས་ལག་བསྟར་བྱེད་དགོས་པ་ཞིག་རེད་མོད། མཐུན་རྐྱེན་འཛོམས་མ་འཛོམས་ཀྱི་གནས་སྟངས་མང་པོ་ཞིག་ཡོད་པ་རེད་བསམ་གྱི་འདུག སྤྱི་ཡོངས་ཀྱི་ཐོག་ནས་བཙན་བྱོལ་བོད་གཞུང་གི་སློབ་གྲྭ་རྒྱ་གར་ནང་དུ་ཡོད་པ་ཚོ་རྒྱ་གར་གཞུང་གི་སློབ་གྲྭའི་སྒྲིག་འཛུགས་མཐོ་ཤོས་དེའི་འོག་ནས་འགྲོ་དགོས་པ་རེད། དེ་ཚོར་མ་བསྟུན་རང་བསྟུན་རེད། ཡང་ཕྱོགས་གཅིག་ནས་བཤད་ན། སློབ་ཚན་མང་པོ་བོད་ཡིག་ནང་བསྒྱུར་ཡོང་སྐབས། བོད་པའི་དགེ་རྒན་གྱི་ཆ་རྐྱེན་མང་པོ་ཚང་དགོས་པ་རེད། ད་ལྟ་དཔེ་སྟོན་སློབ་གྲྭ་དང། སཾ་བྷོཊའི་སློབ་གྲྭ་ནང་ལག་བསྟར་བྱེད་སྐབས། བཙན་བྱོལ་བོད་གཞུང་གི་ཐད་ཀའི་འཛིན་སྐྱོང་འོག་ཡོད་པས། ལག་བསྟར་བྱེད་བདེ་པོ་རེད། སློབ་གྲྭ་གཞན་ཁག་གི་ནང་དེ་འདྲའི་མཐུན་རྐྱེན་ཆ་ཚང་མ་འཛོམས་པའི་གོང་ལ་ཤེས་ཡོན་སྲིད་ཇུས་དེ་ལག་བསྟར་བྱས་ན། ནུས་པ་ག་ཚོད་ཐོན་གྱི་ཡོད་མེད་ཐེ་ཚོམ་ཡོང་སྲིད་པ་རེད་བསམ་གྱི་འདུག རྩ་བའི་བཙན་བྱོལ་བོད་གཞུང་གི་སྲིད་ཇུས་རེད་མོད། རང་སྐྱོང་སྡེ་ཚན་གྱི་ནང་སོ་སོས་ད་ལྟ་བར་ལག་བསྟར་བྱེད་བཞིན་པ་དེ་འགྱུར་བ་གཏོང་རྒྱུར་ཏན་ཏན་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད་བསམ་གྱི་འདུག དཔེར་ན། བོད་ཁྱིམ་སློབ་གྲྭ་ཁག་ལྟ་བུ་རེད། ཡིན་ནའང་བོད་ཁྱིམ་གྱི་གཞི་རིམ་སློབ་གྲྭ་ཁག་ཅིག་ནང་ལག་བསྟར་བྱེད་རྒྱུའི་འབད་བརྩོན་བྱེད་ཀྱི་འདུག དུས་ཚོད་ཅུང་འགོར་མདོག་རེད་བསམ་གྱི་འདུག ཕ་མ་དང། འཛིན་སྐྱོང། དགེ་རྒན་ཚང་མས་ཤེས་ཡོན་སྲིད་ཇུས་དེ་ལག་བསྟར་བྱས་ན་དངོས་གནས་སློབ་ཕྲུག་ཚོར་ཕན་ཐོགས་ངེས་ཅན་ཞིག་འདུག་བསམ་པའི་ངེས་པ་མ་རྙེད་བར་དུ། ཚང་མ་དེའི་ཐོག་འཇུག་རྒྱུ་ཁག་པོ་ཆགས་བསྡད་ཡོད་པ་རེད། ཡང་ན་བཙན་བྱོལ་བོད་གཞུང་གིས་ལག་བསྟར་དགོས་པའི་བཀོད་ཁྱབ་གཏོང་དགོས་པ་རེད། བཀོད་ཁྱབ་དེ་བཏང་ན་ཏག་ཏག་སྡོད་ཀྱི་ཡོད་མེད་ཀྱི་གནས་སྟངས་ཤིག་ཀྱང་རང་བཞིན་གྱིས་ཆགས་བསྡད་ཡོད་པ་རེད། ཤེས་ཡོན་སྲིད་ཇུས་ཀྱི་ནུས་པ་སྤྱི་ཚོགས་ནང་ཇེ་གསལ་དུ་འགྱུར་བཞིན་རིམ་པས་ལག་བསྟར་བྱེད་དགོས་པ་ཞིག་ཆགས་ཀྱི་རེད་བསམ་གྱི་འདུག་”ཅེས་གསུངས་སོང།།
ཚོགས་ཆེན་ནང་མཉམ་ཞུགས་བྱས་པའི་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་བསྟན་འཛིན་བཟང་པོ་ལགས་སུ་ད་ཐེངས་ཀྱི་ཤེས་རིག་ཚོགས་ཆེན་ཐོག་གཟིགས་ཚུལ་ག་འདྲ་བྱུང་མིན་དང། བོད་གཞུང་གི་ཤེས་ཡོན་སྲིད་ཇུས་སྐོར་ལ་གྲོས་བསྡུར་ག་འདྲ་བྱུང་མིན་སྐོར་ལ་བཅར་འདྲི་ཞུས་པར། ཁོང་གིས་གསུང་དོན། “སྤྱིར་བཏང་བགྲོ་གླེང་ལྷུག་པོ་བྱུང་སོང། སྦས་གསང་མེད་པའི་ཐོག་ནས་བསམ་ཚུལ་ཚོགས་ཆུང་ནང་དང། ཚོགས་ཆེན་ནང་དུ་དགག་བྱ་ཡོད་པ་སོགས་ལ་རྒྱུ་མཚན་དང་བཅས་གསུང་གི་འདུག དེ་ཡག་པོ་རེད་བསམ་གྱི་འདུག དེ་འདྲ་གསུང་ཐུབ་པའི་བློ་སྤོབས་དང་ནུས་པ་ཡོད་པ་དེ་གནད་འགག་རེད། ཤེས་ཡོན་སྲིད་བྱུས་སྐོར་ལ་བགྲོ་གླེང་བྱུང་ནས་ཤེས་ཡོན་སྲིད་བྱུས་དེ་བོད་པའི་སློབ་གྲྭ་ཁག་ལ་ལག་བསྟར་བྱེད་པའི་འབད་བརྩོན་བྱེད་ཀྱི་ཡིན་ཞེས་གྲོས་ཆོད་ནང་ལ་འཁོད་ཡོད་རེད། བོད་ཁྱིམ་གྱི་ངོས་ནས་སྔར་ཤེས་ཡོན་སྲིད་བྱུས་ཡིག་ཐོག་ཏུ་མ་ཕབ་གོང་ནས་མ་སྐད་སློབ་རྒྱུ་དེ། ལོ་༢༥ ཙམ་གྱི་སྔོན་ནས་འགོ་བཙུགས་ཚར་བ་རེད། ད་ལྟ་དེ་ཡར་རྒྱས་གཏོང་བའི་ཐབས་ལམ་ག་རེ་འདུག སྤུས་ཀ་དག་ཏུ་གཏོང་དགོས་པ་ག་རེ་འདུག དེའི་ཐོག་ལ་དགོངས་པ་བཞེས་རྒྱུ་རེད་བསམ་གྱི་འདུག་”ཅེས་གསུངས་སོང།
མ་འོངས་པར་བོད་ཕྲུག་ཁྱིམ་སྡེའི་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་ཆ་ཚང་ཐུབ་པ་ཞིག་ཡོང་གི་རེད་དམ་ཞེས་དྲིས་པར། ཁོང་གིས། “བོད་ཕྲུག་ཁྱིམ་སྡེའི་ནང་ལ་དགེ་རྒན་རྐྱང་པ་༧༠༠ ལྷག་ཙམ་ཡོད་རེད། ཤེས་ཡོན་སྲིད་བྱུས་ཀྱི་གོ་དོན་བྱས་པ་ཡིན་ན། དམའ་རིམ་སྔོན་འགྲོའི་དགེ་རྒན་རྣམས་དང། གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཉུང་མཐར་རབ་འབྱམས་པའི་ལག་ཁྱེར་དགོས་ཀྱི་རེད། དེའི་སྒང་ལ་དགེ་རྒན་འོས་སྦྱོང་དགོས་རེད་ལབ་ཀྱི་ཡོད་རེད། དེ་བསྐྲུན་པ་ལ་ལོ་ཉི་ཤུ་སུམ་ཅུ་དགོས་ཀྱི་རེད་བསམ་གྱི་འདུག ད་ཡོད་དགེ་རྒན་ཡོད་པ་དེ་ཚོ་ཕྱིར་འབུད་བྱེད་རྒྱུ་ནི་ཡོད་མ་རེད། གཞི་ནས་དགེ་རྒན་འོས་སྦྱོང་གསར་པ་བསྐྲུན་པ་དང། དགེ་རྒན་གསར་པ་ལེན་དུས་ཤེས་ཡོན་སྲིད་བྱུས་ཀྱི་ཐབས་ལམ་དང། ཤེས་ཡོན་སྲིད་བྱུས་ཀྱི་གོ་དོན་ཐོག་ལ་རིམ་པས་གོམ་པ་རྒྱག་པའི་དུས་ཚོད་ཅིག་དགོས་ཀྱི་རེད་བསམ་གྱི་འདུག་”ཅེས་གསུངས་སོང།
ཤེས་ཡོན་སྲིད་བྱུས་ཐད་ལ་ཁྱེད་རང་གིས་དགོངས་ཚུལ་ག་རེ་ཡོད་ཅེས་དྲིས་པར། ཁོང་གིས། “ཤེས་ཡོན་སྲིད་བྱུས་ཀྱི་ལྟ་བའི་ཐོག་ལ་ང་ཚོས་འཐེན་འཁྱེར་བྱེད་རྒྱུ་གང་ཡང་ཡོད་མ་རེད། བོད་ཕྲུག་ཁྱིམ་སྡེ་བོད་པའི་སློབ་གྲྭ་ཞིག་རེད། དམིགས་ཡུལ་དེ་བོད་པའི་ཕྲུ་གུ་བོད་མི་གཙང་མ་ཞིག་དང། བོད་པའི་འཐུས་མི་ཡང་དག་པ་ཞིག་བཟོ་རྒྱུ་དེ་རང་རེད། ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་ཡང་དེ་རེད། དེ་ལ་ཕན་ཚུན་མ་མཐུན་པ་ཡོད་མ་རེད། འགོག་རྐྱེན་བྱེད་དགོས་པའི་རྒྱུ་མཚན་ཡོད་མ་རེད་བསམ་གྱི་འདུག ག་འདྲ་བྱེད་ཀྱི་ཡིན། ག་དུས་བྱེད་ཀྱི་ཡིན་ཞེས་པའི་སྐད་ཆ་དེ་རེད། ང་ཚོས་དཔེ་མཚོན་ཆེད་དུ་སློབ་གྲྭ་གཅིག་ནས་ཤེས་ཡོན་སྲིད་བྱུས་ཆ་ཚང་ལག་བསྟར་བྱེད་པའི་འགོ་བཙུགས་ཚར་བ་རེད། སློབ་གྲྭ་གཞན་དག་ལ་འཛུགས་དགོས་ཀྱི་འདུག་མི་འདུག་རིམ་པས་དཔྱད་ཞིབ་བྱེད་བཞིན་པ་རེད། དཔེ་མཚོན་དེ་ནས་ཡག་པོ་ཆགས་ན། གཞི་ནས་ང་ཚོས་གཞན་དག་ལ་བསམ་བློ་གཏོང་གི་རེད་”ཅེས་འགྲེལ་བརྗོད་གནང་སོང།
བོད་མིའི་ཤེས་ཡོན་གྱི་གནས་སྟངས་དེ་མི་མང་ནང་བགྲོ་གླེང་དང། བསམ་ཚུལ་ཆ་ཚང་ཤེས་རྟོགས་ཡོང་ཆེད། ཤེས་ཡོན་སྲིད་ཇུས་གསར་པ་ལག་བསྟར་བྱེད་བཞིན་པའི་སཾ་བྷོཊའི་སློབ་གྲྭ་ཁག་གི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་སུ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་ནས། ད་ལྟའི་གནས་སྟངས་ག་འདྲ་ཡིན་མིན་སྐོར་ལ་བཅར་འདྲི་ཞུ་སར་ཐེངས་གཉིས་བཅར་ཀྱང། ཁོང་བྲེལ་བ་ཆེན་པོ་ཡིན་སྐོར་གསུངས་ནས་ལན་གང་ཡང་རག་མ་སོང།
དེ་བཞིན་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས་སུ་བཅར་འདྲི་ཞུས་ཀྱང། ཁོང་སློབ་སྤྱི་ཡིན་པས། ཡག་པོ་ཡོད་སྐོར་བརྗོད་ན། ལན་པོ་ཡོད་པ་མ་རེད། དེ་ལས་སློབ་གྲྭའི་ཕ་མ་སོགས་ལ་སྐད་ཆ་དྲིས་ན་ཡག་གི་རེད་ཅེས་ལན་འདེབས་གནང་སོང། སྤྱིར་བཏང་དྲི་བ་ཤེས་ཡོན་སྲིད་བྱུས་ཀྱི་གནས་སྟངས་ག་འདྲ་ཡིན་མིན་སྐོར་གསུངས་རོགས་དྲིས་པ་ལས། ཡག་པོ་ཡོད་སྐོར་གསུངས་རོགས་ཞེས་དྲིས་མེད་མོད། བཀའ་ལན་དེ་ལྟར་གནང་སོང།།