སྨན་པ་ཡོད་པའི་སྨན་ཁང་ཞིག་དགོས་ཀྱི་འདུག
སྨན་པ་ཡང་ཡོད་པ་མ་རེད། ནད་པ་ཚབས་ཆེན་ཞིག་ཡོང་སྐབས་ཁག་པོ་འདུག ང་ཚོ་ལ་གཞུང་གི་ངོས་ནས་ཡིན་ནའང་འདྲ། གང་ལྟར་ང་ཚོར་སྨན་པ་ཚད་དང་ལྡན་ཞིག་ངེས་པར་དུ་དགོས་ཀྱི་འདུག དེ་མེད་ན་དཀའ་ངལ་ཆེན་པོ་རེད་”ཅེས་འགྲེལ་བརྗོད་གནང་སོང།
མི་སེར་ནང་ན་ཚ་ཁྱབ་ཆེ་ཤོས་དང་ཛ་དྲག་ཤོས། དེའི་འབྱུང་རྐྱེན་ག་རེ་ཡིན་སྐོར་དྲིས་པ་ན། ཁོང་གིས། “ན་ཚ་མང་ཤོས་གནམ་གཤིས་ཀྱི་དཀའ་ངལ་འོག་མཱ་ལ་རེ་ཡ་ན་ཚ་དང་བཤལ་སྐྱུག་གི་ན་ཚ། ཁྲག་ཤེད་ཀྱི་ན་ཚ་སོགས་མང་ཤོས་རེད། གཙོ་བོ་འཐུང་ཆུའི་དཀའ་ངལ་དང༌། འཕྲོད་བསྟེན་སློབ་སྟོན། སྨན་ཁང་གི་སྔོན་འགོག་དང་མཐུན་རྐྱེན་ཡག་པོ་མེད་པས་རེད། གཞུང་གིས་འཐུང་ཆུ་བཟོས་ཡོད་རེད་མོད། ཡག་པོ་མ་ཆགས་པའི་རྐྱེན་གྱིས་དཀའ་ངལ་འདུག ང་ཚོར་སྨན་པ་ཡོད་པའི་སྨན་ཁང་ཚད་ལྡན་དང་འཐུང་ཆུ་གཙང་མ་ཞིག་དགོས་ཀྱི་འདུག སྨན་སྤྲོད་ཁང་ཞིག་གིས་གནས་ཚུལ་ཛ་དྲག་ལ་ཕན་ཐོགས་རྒྱུའི་རེ་བ་ཡོད་པ་མ་རེད་”ཅེས་འགྲེལ་བརྗོད་གནང་སོང།
ས་གནས་ཀྱི་སློབ་གྲྭ་དང་ཤེས་ཡོན་གྱི་གནས་སྟངས་ག་འདྲ་རེད་ཅེས་དྲིས་པར། ཁོང་གིས་“སློབ་གྲྭ་CST ནས་བཙུགས་པའི་སློབ་གྲྭ་ཞིག་ཡོད་པ་རེད། དེ་ལ་བུ་ཕྲུག་ཚོའི་རིག་པ་དང་སློབ་སྦྱོང་གི་གནས་ཚད་ཡག་པོ་རེད། ཡིན་ན་ཡང༌། སློབ་གྲྭར་བོད་ཡིག་གྀ་དགེ་རྒན་ཚད་ལྡན་ཡག་པོ་ཞིག་ཕལ་ཆེར་མེད་པས་དཀའ་ངལ་ཡོད་པ་རེད། སློབ་གྲྭར་འཛིན་རིམ་བརྒྱད་པ་བར་དུ་བསྡད་རྗེས་ས་གནས་གཞན་ལ་གཏོང་དགོས་ཀྱི་རེད། ས་ཆ་ཁུག་ཀྱོག་ཡིན་པས་ཕ་མ་དང་ནང་མི་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་འདུག སློབ་སྦྱོང་སྐོར་གྱི་དཀའ་ངལ་ཆེ་ཤོས་དེ་ས་གནས་ལ་དགེ་རྒན་ཚད་ལྡན་མེད་པ་དང༌། དེ་ནས་འཛིན་གྲྭ་བརྒྱད་པ་ཐོན་ནས་ཕྱི་ལོག་ལ་འགྲོ་དགོས་པ་རེད། རྗེས་སུ་མཐོ་སློབ་ལ་འགྲོ་དུས་ཕ་མས་འགྲོ་སོང་གཏོང་མ་ཐུབ་པའི་དཀའ་ངལ་ཆེ་ཤོས་རེད། ནང་མི་སྐྱོ་པོ་ཚོས་བུ་ཕྲུག་གི་སློབ་ཡོན་སྤྲད་མ་ཐུབ་ནས་སློབ་སྦྱོང་འཐུས་ཤོར་ཕྱིན་པ་དང། སློབ་གྲྭར་མུ་མཐུད་ནས་འགྲོ་མ་ཐུབ་པ་མང་པོ་རེད་”ཅེས་འགྲེལ་བརྗོད་གནང་སོང།།
མེ་སོར་གསར་འགོད་པས་བཅར་འདྲི་བྱས།