བོད་ནས་ཕེབས་མཁན་ཚོར་༧གོང་ས་མཆོག་གི་མཇལ་ཁ།

ཟླ་འདིའི་ཚེས་༨ ཉིན་གྱི་ཕྱི་དྲོ་རྡོར་གདན་གསུང་ཆོས་ར་བའི་ནང། བོད་ནས་གསར་དུ་ཕེབས་མཁན་༥༠༠ མ་ཟིན་ཙམ་ལ་༧གོང་ས་མཆོག་གིས་མཇལ་ཁ་གནང་སྐབས་བཀའ་སློབ་བསྩལ་དོན། “འཛམ་བུ་གླིང་གིས་བོད་ལ་དོ་སྣང་བྱེད་དགོས་པ་དང་རྒྱ་ནག་གིས་ཀྱང་དོ་སྣང་བྱེད་དགོས་བྱུང་བ་དེ། བོད་གཞིས་ལུས་རྒྱ་ཆེའི་མི་མང་གི་སྙིང་སྟོབས་ལ་བརྟེན་ནས་བྱུང་ཡོད་པ་དང། ཁྱེད་རང་ཚོ་གཞིས་ལུས་རྒྱ་ཆེའི་མི་མང་གི་ཆ་ཤས་ཡིན་པས། ངའི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་ད་དུང་ཡིན་ནའང། གཞིས་ལུས་རྒྱ་ཆེའི་མི་མང་དེ་ང་ཚོའི་དོན་གྱི་བདག་པོ་རེད། འདས་པའི་ལོ་རྒྱུས་ནང་ལའང་འཛམ་བུ་གླིང་གི་སྒང་ལ་བོད་ཅེས་དོ་སྣང་སླེབས་པ་དང༌། བོད་ཅེས་མི་རིགས་ཤིག་ཡོད་པ་དེ་གཞིས་ལུས་རྒྱ་ཆེའི་མི་མང་གི་དྲིན་གྱིས་རེད། མ་འོངས་པ་ཡིན་ནའང་བོད་གངས་ཅན་ཞེས་པ་གནས་དང་མི་གནས་དེ། གཙོ་བོ་གཞིས་ལུས་རྒྱ་ཆེའི་མི་མང་གི་བྱ་སྤྱོད་ལ་རག་ལས་བསྡད་ཡོད་པས། ཁྱེད་རང་ཚོ་དོན་གྱི་བདག་པོ་ལྟ་བུ་རེད། ཕྱོགས་གཅིག་ནས་ང་ཚོ་འདིར་བཙན་བྱོལ་བ་ཆགས་བསྡད་ཡོད་ནའང་རང་དབང་ལུང་པའི་ནང་བསྡད་ཡོད་རེད། གཞིས་ལུས་མི་མང་ལ་རང་དབང་ཡོད་མ་རེད། གནས་སྟངས་དེ་འདྲའི་འོག་ནས་སེམས་ཤུགས་བརྟན་པོ་བྱས་ནས་བསྡད་ཡོད་པ་དེ་རྩ་བ་ཆེན་པོ་ཞེ་དྲག་རེད་”ཅེས་དང། ཡང་ཁོང་གིས་མུ་མཐུད་གསུང་དོན། “ང་ཚོའི་བོད་དེ་ལོ་བརྒྱ་ཕྲག་རིང་ལ་ཆབ་སྲིད་འཕོ་འགྱུར་མང་པོ་བྱུང་ཡོད་པ་རེད་དེ། ཆབ་སྲིད་ཀྱི་གནས་སྟངས་གང་ཡིན་རུང་མིན་རུང༌། རྩ་བ་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་བོད་མིའི་རྣམ་དཔྱོད་དེས། བོད་མི་རྣམས་གཅིག་ཏུ་བསྒྲིལ་ནས་ལོ་སྟོང་ཕྲག་གི་རིང་ལ་བོད་གངས་ཅན་པ་ཟེར་བ་གནས་བསྡད་པ་རེད་ལ། དུས་ད་ལྟ་ཡིན་ནའང་བོད་མི་ཚོ་དཀའ་ངལ་ག་ཚོད་འཕྲད་རུང་སེམས་ཤུགས་དེ་གནས་ཐུབ་ཀྱི་ཡོད་རེད། དེ་བཞིན་ང་ཚོ་བོད་པས་རང་དབང་འཐབ་རྩོད་བྱེད་རྒྱུ་དེ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འགྲོ་ཡི་ཡོད་པ་དེ། ང་ཚོར་རན་པོ་ཡོད་རེད་ལ་ལག་ལེན་ལའང་འཁྱེར་ཐུབ་དགོས་ཀྱི་ཡོད་རེད། འཛམ་གླིང་ཐོག་མི་རིགས་ཤིག་འུ་ཐུག་ཡོང་དུས་ཁ་ནས་ཞི་བདེ་ཟེར་བཞིན་འཚེ་བའི་ལམ་ལ་འགྲོ་སྡོད་ཀྱི་འདུག ང་ཚོ་བོད་གཞིས་ལུས་རྒྱ་ཆེའི་མི་མང་འཚེ་བ་མེད་པའི་ལམ་གྱི་ཐོག་ནས་འགྲོ་སྡོད་པ་དེ་ཞེ་དྲག་རླབས་ཆེན་པོ་རེད། དེང་སང་བོད་དོན་ཐོག་ལ་རྒྱབ་སྐྱོར་བྱེད་མཁན་མང་པོས། ཁྱེད་རང་བོད་པ་ཚོས་བདེན་པའི་འཐབ་རྩོད་བྱེད་སྟངས་དེ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འགྲོ་ཡི་འདུག དེ་འདྲ་ཡིན་དུས་ང་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཟེར་མཁན་མང་པོ་ཡོང་གི་འདུག དེ་བཞིན་རྒྱ་ནག་ནང་དུའང་ཡང་བོད་དོན་ལ་ཞིབ་འཇུག་བྱེད་མཁན་ཚོས་དགའ་པོ་ཞེ་དྲག་བྱེད་ཀྱི་འདུག་”ཅེས་གསུངས་སོང།    
དེ་བཞིན་༧གོང་ས་མཆོག་གིས་བག་མེད་ལོངས་སྤྱོད་བྱེད་མི་རུང་བའི་སྐོར་བཀའ་སློབ་བསྩལ་དོན། “དེ་སང་དཔལ་འབྱོར་ཕྲན་བུ་ཡར་རྒྱས་སོང་དུས་སྤྲོ་སྐྱིད་བཏང། རྩེད་མོ་རྩེས་ནས་དངུལ་གསོག་འཇོག་མ་བྱས་པའི་ཐོག་ནས། བློ་སྣ་ཐུང་ཐུང་བྱེད་ཀྱི་འདུག་ཟེར་གྱི་འདུག དེ་འདྲ་བྱེད་རྒྱུ་ཡོད་མ་རེད། ག་ཚོད་ཐུབ་ཐུབ་ཀྱིས་དངུལ་གསོག་ཐུབ་ན། ད་དུང་དཔལ་འབྱོར་ཡར་རྒྱས་འགྲོ་ཆེད་མ་རྩ་བཙུགས་ནས་མང་དུ་བཏང༌། ལྷག་དོན་རྒྱ་ནག་ནང་བོད་པའི་སྨན་ཁང་དང༌། ཟ་ཁང༌། ཚོང་ཁང་སོགས་འཛིན་ཐུབ་ན་ཡག་པོ་འདུག བོད་སའི་ས་ཁུལ་ལས་རྒྱ་ནག་ནང་དུ་རང་དབང་ཆེ་བ་འདུག རྒྱ་ནག་ཏུ་དེ་འདྲ་བྱེད་ཐུབ་ན་བོད་པ་དྲིལ་བསྒྲགས་ཡོང་གི་རེད་ལ། ངོ་ཤེས་པ་མང་པོ་བཟོ་ཐུབ་ཀྱི་རེད། དངུལ་ཡང་ཏོག་ཙམ་བཟོ་ཐུབ་ཀྱི་རེད། དེ་འདྲའི་དངུལ་ཏོག་ཙམ་བྱུང་སོང་ན་སློབ་གྲྭ་བཙུགས། སྨན་ཁང་བཙུགས་ཐུབ་ན་གལ་ཆེན་པོ་འདུག་ཅེས་གསུངས་སོང།
ད་དུང་ཤོ་དང་མ་ཅང། ཆང། ཨ་རག ཐ་མག་སོགས་སྤྱད་ནས་དངུལ་དང་དུས་ཚོད་འཕྲོ་བརླག་གཏོང་མི་རུང་བའི་སྐོར་དང། རྒྱ་གར་ནང་སློབ་སྦྱོང་ཚད་མཐོན་པོ་ཡོང་ཐབས་སུ་འབད་བརྩོན་བྱེད་བཞིན་པ་ལྟར། བོད་ནང་དུའང་སློབ་སྦྱོང་ཚད་མཐོན་པོ་ཡོང་ཐབས་བྱེད་དགོས་སྐོར། ཁོར་ཡུག་ལ་དོ་སྣང་བྱེད་དགོས་སྐོར་སོགས་བཀའ་སློབ་གནང་རྗེས། གང་མགྱོགས་གཞིས་བྱེས་ལྷན་འཛོམས་བཀྲ་ཤིས་ལོ་ལེགས་ཡོང་བར་ངས་སྨོན་ལམ་རྒྱག་གི་ཡོད་ལ། ཁྱེད་རང་ཚོའི་ངོས་ནས་ཀྱང་སྨོན་ལམ་ཐོབ། ཚང་མ་བློ་བདེ་པོའི་ངང་སྡོད་རོགས་ཞེས་བཀའ་སློབ་བསྩལ་སོང༌།
འདི་གའི་གསར་འགོད་པས་རྡོར་གདན་ནས།