གསེར་གྱི་ལྷ་ཁང་དུ་བསྐྱོད་པ།

གནས་འདི་ན་དབེན་ཐང་ཐང་།སྟོང་སངས་སངས།ཅི་ཞིག་བོར་བའི་སྣང་བ་སྟེར།
ལོ་གཅིག་གི་སྔོན་ཁོ་བོ་འདི་གར་བསྙེགས་དུས་ཆེས་སྨུག་མདོག་འབར་བའི་གླིང་འདི་ཡི་སྤྲོས་པ་རྣམས་་ད་ལྟ་གང་གི་དབྱིངས་སུ་བསྡུས་པ་ཡིན་ནམ།གསེར་གྱི་རྒྱ་ཕིབས་སྤྲས་ཤིང་།ལྷ་དང་ལྷ་མོ་ཚོགས་ཀྱིས་གཡས་སྐོར་གཡོན་སྐོར་རྒྱག་པའི་ཟངས་མདོག་དཔལ་རི་ཡང་།ཕ་མས་བོར་བའི་ཕྲུ་གུ་བཞིན་ཁང་བརྩེགས་ཀྱི་དཀྱིལ་དུ་མྱ་ངན་གྱི་མདངས་ཤིག་འཁྱེར་ཏེཀྲོང་ངེར་འགྱིང་འདུག།ལྷ་ཁང་གི་སྒོ་སྟེང་ཀེར་པའི་གཤེགས་ཟིན་པའི་སེམས་དཔའ་གང་གི་སྐུ་བརྙན་རིན་པོ་ཆེར་ཡལ་དུ་མེད་པའི་འཛུམ་མདངས་ཤིག་འཕྱུར་བཞིན་ཕྱིར་མིག་འོག་གི་འགྲོ་བ་རྣམས་ལ་ཞེ་སྟིང་ནས་གཟིགས་པའི་ཚུལ་འདི་ང་ཡི་མིག་ལམ་དུ་མངོན་བྱུང་།ཆེས་ཁ་ཐག་མི་རིང་པའི་བགྲོད་ལམ་དང་ཞབས་རྗེས་མང་པོ་ཞིག་ང་ཡི་ཚོགས་དྲུག་གི་ཡུལ་དུ་གློག་བརྙན་གསལ་ལེ་འཆར།དེ་མ་ཐག་གནོན་མི་ཐུབ་པའི་སྐྱོ་རླབས་ཤིག་སྙིང་ཁ་ནས་མཆེད་དེ་མིག་ཁ་ནས་བཞུར་སོང་།འོན་ཀྱང་རྟེན་འབྲེལ་གྱི་ཆོས་ཉིད་ཀྱི་འགྲེལ་བརྗོད་རྣམས་ཡིད་ལ་བསམ་བཞིན་སེམས་འགོ་གནོན་གང་ཐུབ་བྱས།གང་གི་དྲུང་དུ་སེམས་ཀྱི་རེ་བ་ཡོད་ཚད་གྱེར།འདི་ནི་སྐུ་དཔར་མ་གཏོགས་ལྷག་མེད་དུས་མི་བུའི་རིན་ཐང་ད་གཟོད་ཤེས་པའི་རང་རེའི་སྤུན་ཟླ་ཚོར་བརྡ་ཤིག་རྒྱག་པའི་གསོན་གཟུགས་རེད།གསོན་གཟུགས་འདི་མཐོང་བའི་ང་ལྟ་བུ་མཚོན་ན་འདས་མ་འོངས་ད་ལྟ་དུས་གསུམ་གྱི་གནས་སྟངས་ལ་དྲི་རྟགས་ཡང་ཡང་འགོད་བཞིན་གནོན་མི་ཐུབ་པའི་རྔམས་སྐྲག་ཞིག་གིས་སེམས་བློང་བློང་དུ་བཟོས།སྤྱིར་དེ་རིང་འདི་གར་ང་དང་གྲོགས་པོ་འགའ་ཤས་ཆེད་དུ་སྤྲོ་འཆམ་ལ་ཡོང་བར་ཡིན་ཀྱང་།ཁོ་བོས་ཆེ་ཆུང་གི་བསམ་གཞིགས་ཡང་ཡང་བྱེད་བཞིན་སེམས་པ་ལ་ངལ་གསོ་གཏན་ནས་མ་ཐེབས།ངའི་གྲོགས་པོ་ཚོར་མཚོན་ན་འདི་ལྟ་བུའི་ཚོར་སྣང་ཡོད་མེད་མི་ཤེས་མོད་ཀུན་གྱིས་མགྲིན་གཅིག་ཏུ་སྔར་དང་མི་འདྲ་བར་གླིང་འདིར་སྟོང་སངས་གྱུར་འདུག་ཟེར་གྱིན་འདུག ང་མི་བཟོས་སྤང་ཁུག་སྟེང་དུ་ཁ་ཟས་མངར་སྐྱུར་ཁ་ཤས་ལ་རོལ་ཁུལ་ཀྱང་།ང་ཡི་ཞེ་གཏིང་ནས་སྤྲོ་བ་གཏན་ནས་མི་འདུག
འདི་ལྟར་སྐོར་གཡེང་ཆུ་ཚོད་ཁ་ཤས་བྱས་རྗེས་ནམ་ཡང་འཛུམ་མདངས་འཕྱུར་བའི་སེམས་དཔའ་མཆོག་ལ་ཕྱིར་མིག་ཡང་ཡང་བོར་བཞིན་སེར་ར་ཕྱོགས་སུ་ལོག་ཕྱིན།