གཞན་གྱི་གོད་ཆག་ལས་རང་ལ་བསླབ་བྱ་འཐོབ་པ་བྱེད་དགོས།
ད་ཐེངས་ཧའེ་ཏི་ལ་ལྡོག་ཐབས་མེད་པའི་རང་བྱུང་ཁམས་ཀྱི་གནོད་འཚེ་ཚབས་ཆེན་བྱུང་བ་དེས། སེམས་ཅན་གཞན་ཕུད་པའི་མི་འབུམ་གཅིག་ལྷག་གི་ཚེ་སྲོག་ཤོར་ཡོད་པའི་ཚོད་རྩིས་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི་མི་དམངས་ཀྱི་དཔལ་འབྱོར་ཞན་པོ་ཡིན་སྟབས་ཁང་པ་རྣམས་ལ་ས་ཡོམ་འགོག་བྱེད་ཀྱི་ཆ་རྐྱེན་གང་ཡང་མེད་པ་དང༌། ཁུལ་དེའི་མི་རྣམས་ལ་ས་ཡོམ་གྱི་སྐོར་ལ་སྤྱིར་བཏང་ཤེས་བྱའི་གོ་རྟོགས་ཙམ་ཡང་མེད་པའི་དབང་གིས་ཡིན། སྔོན་ཚུད་ནས་ས་ཡོམ་འགོག་བྱེད་ཀྱི་གྲ་སྒྲིག་གང་ཡང་མེད་སྟབས་ད་ཆ་གློ་བུར་དུ་ས་ཡོམ་གྱི་འཇིགས་པ་སླེབས་སྐབས་མྱུར་སྐྱོབ་ཀྱི་ལས་དོན་ཚགས་ཚུད་ངང་སྒྲུབ་ཐུབ་མིན་སོགས་ཀྱི་དཀའ་ངལ་མང་དག་ལ་འཕྲད་བཞིན་ཡོད། དོན་རྐྱེན་འདི་ནི་ས་འགུལ་གྱི་ཉེན་ཁ་ཆེ་སར་གནས་སྡོད་བྱེད་མཁན་གྱི་འཛམ་གླིང་མི་མང་གཞན་དང་ལྷག་པར་དུ་ཧི་མ་ཅལ་ནང་གནས་སྡོད་བྱེད་མཁན་གྱི་བོད་མི་རྣམས། སྣང་མེད་ཀྱི་རྨོངས་གཉིད་ལས་སློང་བྱེད་ཀྱི་ཅོང་བརྡ་ཞིག་ཡིན་ནའང༌། ང་ཚོ་དྷ་སར་གནས་སྡོད་བྱེད་མཁན་གྱི་བོད་མི་ཚོ་ལ་མཚོན་ན། དྷ་ས་ནི་ྋརྒྱལ་བའི་བཞུགས་སྒར་ཡིན་པ་དང༌། ཕྱོགས་བཞིར་ས་ཡོམ་འགོག་བྱེད་ཀྱི་མཆོད་རྟེན་བཞེངས་ཡོད་པ་སོགས་རྒྱུ་མཚན་ལྟར་སྣང་ལ་བརྟེན་ནས་གདེངས་སྤོབས་ཆེན་པོས་བློ་བདེ་བག་ཕེབས་ངང་སྡོད་ཀྱི་ཡོད། ཇི་སྐད་དུ་མདོ་ལས། “འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ཞིང༌།”ཞེས་རང་གི་སྡུག་བསྔལ་རང་གིས་སེལ་དགོས་པར་གསུངས་པ་བཞིན་རང་ལ་ས་འགུལ་གྱི་སྡུག་བསྔལ་མ་བྱུང་བའི་སྔོན་ཚུད་ནས་དེར་གདོང་ལེན་ཇི་ལྟར་བྱེད་དགོས་པའི་ཐད་སློབ་སྦྱོང་དང། དོ་སྣང༌། གྲ་སྒྲིག་ཨང་གསར་བྱེད་པ་དེ། རང་ཉིད་རང་གིས་སྐྱོབ་བྱེད་ཀྱི་ཐབས་ལམ་ལེགས་ཤོས་ཤིག་ཏུ་སེམས། ང་ཚོ་འགྲོ་བ་མིའི་རིགས་འཚོ་གནས་བྱེད་སའི་མཛེས་སྡུག་ལྡན་པའི་འཛམ་བུ་གླིང་འདིའི་ཐོག་རང་བྱུང་ཁམས་ཀྱི་གནོད་འཚེའི་རིགས་ཧ་ཅང་མང་ཞིང། དེའི་ནང་ནས་ས་ཡོམ་ནི་རང་བྱུང་གནོད་འཚེ་ཚབས་ཆེ་ཤོས་ཤིག་ཡིན། ཉིན་རེར་ ཉུང་མཐར་ས་ཡོམ་བརྒྱ་ཕྲག་བརྒལ་བ་རྒྱག་གྀ་ཡོད་ནའང༌། ཤུགས་ཚད་ཆུང་བ་རྣམས་ང་ཚོས་ཚོར་མི་ཐུབ་པ་དང། ཤུགས་ཚད་འབྲིང་བ་རྣམས་ཀྱིས་གནོད་སྐྱོན་དེ་ཙམ་གཏོང་གི་མེད་སྟབས་སྣང་མེད་དུ་ཤོར་གྱི་ཡོད། ས་ཡོམ་ཤུགས་ཚད་རིམ་པ་༥་༨ ལས་བརྒལ་བ་བརྒྱབ་ཚེ་ཁང་པ་དང༌། གཞུང་ལམ། མེ་འཁོར་ལྕགས་ལམ། ཟམ་པ། གློག་ཤིང་སོགས་ལ་གཏོར་སྐྱོན་ཆེན་པོ་གཏོང་ངེས་ཡིན། གལ་ཏེ་ས་ཡོམ་ཤུགས་ཆེ་རྒྱག་སའི་མི་རྣམས་ལ་དེའི་ཐོག་སྤྱིར་བཏང་གི་གོ་རྟོགས་དང་ཐབས་ལམ་གང་ཡང་མེད་ན། སྟེས་དབང་གིས་མི་འགའ་རེའི་ཚེ་སྲོག་ཐར་སྲིད་ཀྱང༌། དེ་མིན་མི་གྲངས་ཕལ་ཆེ་བ་སྲོག་ཉེན་ལས་ཐར་ཐབས་མེད།
དེང་གི་ཆར་ཚན་རྩལ་རིག་པ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་རུང། ས་ཁམས་མཁས་ཅན་དང། ཚན་རིག་པ་ཚོས་ས་ཡོམ་གང་དུ་རྒྱག་མིན། ཤུགས་ཚད་ཇི་ཙམ་རྒྱག་མིན། དེ་བཞིན་དུ་དུས་ཚོད་ག་དུས་རྒྱག་མིན་སོགས་གནད་ལ་ཕིག་པའི་ཐོག་ནས་སྔོན་བརྡ་གཏོང་ཐུབ་ཀྱི་མེད། དེ་ཡང༌། ྋགོང་ས་མཆོག་གིས་དུས་རྒྱུན་དུ་“རེ་བ་བཟང་ས་ནས་རྒྱག་དགོས་པ་དང༌། གྲ་སྒྲིག་སྡུག་ས་བྱེད་དགོས།” ཞེས་བཀའ་སློབ་གནང་ཡོད་པ་ལྟར། ང་ཚོས་ས་ཡོམ་མ་བརྒྱབ་པའི་སྔོན་ནས་གྲ་སྒྲིག་བྱེད་དགོས་པ་དེ་འཇིག་རྟེན་ཁ་དཔེར། “ཆུ་མ་ཡོང་སྔོན་ནས་རགས་དང༌། རྐྱེན་མ་བྱུང་སྔོན་ནས་ཟློག་པ།” ཞེས་གྲགས་པ་ལྟར་གལ་ཆེར་མངོན་ནོ།།
ད་ཐེངས་ཧའེ་ཏི་ལ་བྱུང་བའི་ས་འགུལ་དེའི་ཤུགས་ཚད་དང༌། དེས་མིའི་ཚེ་སྲོག་ཇི་ཙམ་འཕྲོག་ཡོད་མིན་ཐད་གསར་འགྱུར་བརྒྱུད་ལམ་ཁག་ནས་སྤེལ་བའི་གནས་ཚུལ་རྣམས་ལ་དོ་འཁུར་གྱིས་དཔྱད་ཞིབ་བྱས་ནས། ས་འགུལ་དེ་འདྲ་ཞིག་ང་ཚོ་གནས་སྡོད་བྱེད་སར་བརྒྱབ་ན་གནས་སྟངས་གང་འདྲ་ཆགས་མིན་ཐད་སེམས་རྣལ་དུ་ཕབ་ནས་མནོ་བསམ་ཞིབ་མོ་ཞིག་གཏོང་གལ་ཆེ།
འདས་པའི་ལོ་རྒྱུས་ནང་ཕྱི་ལོ་༡༩༠༥ ལོར་ཀང་རྭ་རྫོང་ནང་ས་ཡོམ་རིམ་པ་༧་༨ ཅན་ཞིག་བརྒྱབ་ནས་མི་གྲངས་༡༩༠༠༠ ཙམ་ལ་སྲོག་སྐྱོན་བྱུང་བ་དང་ཧིན་སྒོར་དུང་ཕྱུར་མང་པོའི་དཔལ་འབྱོར་གྱི་གྱོང་གུད་བཟོས་ཡོད། སྐབས་དེ་དུས་ཀང་རྭ་རྫོང་གི་ཉེ་འཁོར་ལ་མི་འབོར་དེ་ཙམ་ཆེན་པོ་མིན་ལ་ཐོག་བརྩེགས་ཅན་གྱི་ཁང་པའང་དེ་བས་ཉུང་ཉུང་ཡིན། ད་ལྟ་ནི་སྔོན་མ་དང་མི་འདྲ་བར། ཀང་རྭའི་ནང་འཚོ་གནས་བྱེད་མཁན་གྱི་མི་འབོར་སྔར་ལས་ལྡབ་མང་པོས་མང་དུ་ཕྱིན་ཡོད་པ་དང༌། མི་འབོར་ཕལ་ཆེར་རི་འདབས་སུ་གནས་བཅའ་ཞིང༌། ཐོག་བརྩེགས་ཅན་གྱི་ཁང་པ་མང་པོ་ཡོད་པ་དེ་དག་ཕལ་མོ་ཆེར་ས་ཡོམ་འགོག་བྱེད་ཀྱི་ཆ་རྐྱེན་གང་ཡང་ཚང་མེད། དཔྱད་ཞིབ་བྱས་པར་གཞིགས་ན། རྒྱ་གར་ནང་བོད་མིའི་གཞིས་ཆགས་༧༩ ཡོད་པའི་ནང་ནས་གཞིས་ཆགས་ཁག་༡༦ ས་ཡོམ་འབྱུང་ཉེན་རིམ་པ་ལྔ་པའི་ཁུལ་དུ་གནས་ཡོད། ༼རིམ་པ་ལྔ་པ་ནི་ཉེན་ཁ་ཆེ་ཤོས་དེ་ཡིན་༽ དེའི་ནང་བཙན་བྱོལ་བོད་མིའི་མི་འབོར་གྱི་བརྒྱ་ཆ་༢༢ ཟིན་གྱི་ཡོད། གཞིས་ཆགས་ཁག་༣༥ ས་ཡོམ་གྱི་ཉེན་ཁ་རིམ་པ་བཞི་པའི་ཁུལ་དུ་ཚུད་ཡོད། དེའི་ནང་བཙན་བྱོལ་བོད་མིའི་མི་འབོར་གྱི་བརྒྱ་ཆ་༤༠ ཡོད། དེ་མིན་གཞིས་ཆགས་ཁག་༩ ས་ཡོམ་རིམ་པ་གསུམ་པའི་ནང་གནས་ཡོད། དེས་བཙན་བྱོལ་བོད་མིའི་ཁྱོན་མི་འབོར་གྱི་བརྒྱ་ཆ་༡ ཟིན་གྱི་ཡོད། གོང་གསལ་གྱི་གཞིས་ཆགས་ཁག་ཕུད་ལྷག་མ་གཞིས་ཆགས་ཁག་༡༩ ས་ཡོམ་གྱི་ཉེན་ཁ་རིམ་པ་ཆུང་ཤོས་ནང་གནས་ཡོད། དེའི་ནང་བཙན་བྱོལ་བོད་མིའི་མི་འབོར་གྱི་བརྒྱ་ཆ་༣༧ གནས་ཡོད། དེ་ལྟར་དཔྱད་ཞིབ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར་གཞིགས་ན་བཙན་བྱོལ་བོད་མིའི་མི་འབོར་གྱི་བརྒྱ་ཆ་༦༢ ནི་ས་ཡོམ་གྱི་ཉེན་ཚབས་ཤིན་ཏུ་ཆེ་བའི་ནང་ཚུད་ཡོད་པ་གསལ་སྟོན་བྱས་ཡོད།
མདོར་ན། ཇི་སྐད་དུ་མདོ་ལས། རང་ཉིད་རང་གི་མགོན་ཡིན་གྱི།། གཞན་ནི་སུ་ཞིག་མགོན་དུ་འགྱུར།། ཞེས་གསུངས་པ་ལྟར་ང་ཚོས་མཆོད་རྟེན་དང་ྋགོང་ས་མཆོག་ཁོ་ན་ལ་སྐྱབས་བཅོལ་ནས་མ་བསྡད་པར། ས་ཡོམ་མ་བྱུང་སྔོན་ལ་གྲ་སྒྲིག་གང་བྱེད་དགོས་པ་དང། ས་ཡོམ་རྒྱག་བཞིན་པའི་སྐབས་སྲོག་ཉེན་ལས་ཐར་ཆེད་བྱ་ཐབས་གང་ཞིག་སྤྱོད་དགོས་པ། དེ་བཞིན་ས་ཡོམ་མཚམས་ཆད་རྗེས་གང་བྱེད་དགོས་པའི་ཐད་སློབ་སྦྱོང་ཕྲན་བུ་བྱེད་དགོས་པ་ནི་མི་སྒེར་གྱི་ཚེ་སྲོག་དང་སྤྱི་ཚོགས་སྤྱིའི་དཔལ་འབྱོར་དང་རིག་གཞུང་གི་དར་རྒུད་ལ་ཐུག་ཡོད་པ་ཐུགས་སྣང་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན།
མཐའ་དོན་དུ། རང་རེའི་སྤྱི་ཚོགས་ནང་གི་མི་དམངས་ཁྲོད་ས་ཡོམ་གྱི་སྐོར་ལ་དེ་ཙམ་གྱི་དོ་སྣང་མེད་པ་དང༌། མི་མང་གི་གོ་རྟོགས་ཞན་པོ་ཡིན་པར་སོང༌། གསར་འགྱུར་བརྒྱུད་ལམ་ཁག་ནས་དེའི་ཐོག་ལ་རྨོངས་གཉིད་སེལ་རྒྱུའི་ལེགས་སྐྱེས་ཆེན་པོ་ཞིག་འབུལ་ཐུབ་ངེས་ཡིན། འོན་ཀྱང་འདས་པའི་དུས་སུ་གཞུང་དང་སྒེར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་ནུས་པ་དེ་ཡོངས་སུ་བཀོལ་སྤྱོད་ཡག་པོ་ཐུབ་མེད་པ་ལྟ་བུ་སྣང་གི་ཡོད། གུས་པའི་རེ་བར་སླད་ཕྱིན་གཞུང་སྒེར་གྱི་བརྒྱུད་ལམ་ཁག་ནས་དེའི་ཐད་ལ་ཐུགས་སྣང་དང་གོ་རྟོགས་མང་ཙམ་སྤེལ་རྒྱུའི་སྨོན་ལམ་དང་རེ་སྐུལ་ཞུ་བཞིན་ཡོད།།