བསམ་བློའི་ཀུན་སློང་ཐད་བརྗོད་པ།
དེ་དག་ལ་འཛེམས་ཟོན་བྱེད་འདོད་མེད། སྤྱིར་བཏང་ང་ཚོ་བོད་མི་རིགས་ལ་མཚོན་ན། བྱ་བ་གང་བྱས་ལ་ཕན་འབྲས་ཆུང་ཙག་ལས་མ་ཐོབ་ཀྱང་བསྟོད་བསྔགས་དང་ལྷ་སྒྲུང་རང་བཞིན་དུ་བརྗོད་དེ་སྡོད་རྒྱུར་དགའ་བས། ངས་འདིར་ང་ཚོའི་སྐྱོན་མཚང་ཐེར་འདོན་བྱས་པ་ཡིན་མ་གཏོགས། ང་ཚོར་ལེགས་པའི་ཆ་མེད་པ་ཡང་མིན། ང་ཚོ་མི་ཡིན་པ་ལ་སྨྲ་ཤེས་དོན་གོ་བའི་མཚན་ཉིད་ཅན་ཡིན་དུས། ཞན་པའི་ཆ་རྐྱང་རྐྱང་བཤད་ན་བསམ་བློ་ཏོག་ཙམ་ཞིག་གཏོང་སྲིད་པས། དེ་ཡང་ང་ཚོ་སྐྱབས་བཅོལ་བ་རང་འཚོར་གནས་པ་ཚོར་མཚོན་ན། རང་ཉིད་གཅིག་པུ་ལས་རྒྱལ་ཁབ་དང་མི་རིགས། ད་དུང་རང་གི་རིག་གཞུང་བསམ་མཁན་བཅུ་ཆའི་གཉིས་དང། གསུམ། བཞི་སོགས་ལས་ཟིན་མེད། ངས་རང་ཉིད་ནས་འགོ་བརྩམས་ཏེ་རང་འཚོར་གནས་བཞིན་པའི་ཟ་ཁང་དང་ཚོང་ཁང། ཐང་ཁྲོམ་སྟོན་མཁན་གྱི་ཚོང་པ་བཅས་ལ་ཕྱིར་བལྟས་ཤིག་བྱས་ཏེ་ཕན་ཚུན་ལུས་སེམས་ལྷོད་ལྷོད་ཀྱིས་གཏམ་གླེང་བྱེད་སྐབས། ཕོ་མོ་རྒན་གཞོན་ཚང་མས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་སྐོར་ཤ་སྟག་གླེང་ལ། ད་དུང་ཆོས་སེམས་ཡོད་མདོག་གིས་གཞན་ཕན་དང་ལྷག་བསམ། སྙིང་རྗེ། བྱམས་པ། ལས་རྒྱུ་འབྲས་བརྩི་སྲུང་སོགས་གལ་ཆེན་དོན་ཆེན་ཡིན་སྐོར་མ་ཎི་བགྲང་བ་ལྟར་བརྗོད་མོད། དོན་ལ་གནས་མཁན་ཉིན་མོའི་སྐར་མ་དང་མཚུངས། དེ་ནི་བོད་ནང་དུ་རང་ཉིད་ཀྱི་ཁྱིམ་གཞིས་དྲོན་མོ་བློས་བཏང་སྟེ་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཚེ་སྲོག་ཤོར་བ་དང། ཁྲིམས་འོག་ཏུ་མནར་གཅོད་མྱོང་བཞིན་པ་རྣམས་ལ་བསྔོ་སྨོན་དང་གདུང་སེམས་ཉམས་བསྐྱེད་ཆེད་ཚོགས་སྡེ་ཁག་གིས་ལས་འགུལ་འདྲ་མིན་སྤེལ་སྐབས། ང་ཚོའི་ཟ་ཁང་དང་ཚོང་ཁང། ཐང་ཁྲོམ་སྟོན་མཁན་ཚོང་པ་སོགས་ལ་མཚོན་ན། ཕལ་ཆེ་བ་གཡོལ་གང་ཐུབ་བྱེད་ཀྱི་འདུག ཚོགས་སྡེ་ཁག་གིས་མིད་པ་མ་འགག་བར་གསལ་བསྒྲགས་བྱས་ཀྱང། ཁ་ཤས་ཀྱིས་མ་གོ་ཚུལ་དང། ཁ་ཤས་ཀྱིས་དོན་སྙིང་མེད་ཚུལ། ཁ་ཤས་བཏང་སྙོམས་སོགས་དེ་འདྲ་མང་པོར་སྡོམ་རྩིས་ཤིག་བརྒྱབ་ན། ལས་འགུལ་ལ་ཞུགས་མཁན་བཅུ་ཆའི་གཉིས་དང་གསུམ། བཞི་སོགས་ལས་ཟིན་གྱི་མེད་པ་འདི་དག་གིས་མཚོན་ཐུབ།
དེར་ཞུགས་མཁན་མང་ཤོས་གྲྭ་བཙུན་དང། ཆབ་སྲིད་བཙོན་ཟུར། རང་མི་རིགས་ལ་བློ་སེམས་རྣལ་མ་ཅན་ཁ་ཤས་ལས་མེད། ཕལ་ཆེར་གཞུང་ཞབས་པའང་དེ་འདྲ་ཡོད་ངེས། དེ་ཡང་བོད་ནང་གི་གཞིས་ལུས་མི་མང་གཞན་གྱི་བཙན་དབང་འོག་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་སོགས་མེད་པ་བཤད་མ་དགོས། ང་ཚོ་འདིར་རང་དབང་གི་ཁོར་ཡུག་ཅིག་ཏུ་རང་མི་རིགས་ཀྱི་ལས་དོན་ཁ་གཡང་དུ་གྱེར་བཞིན་ཧིན་སྒོར་ཏོག་ཙམ་ལ་ཁ་གདང་མིག་གཅེར་ཏེ་བརྣབ་སེམས་དང། འདོད་རྔམ་གྱིས་ལག་པ་བརྐྱངས་ཏཻ་བསྡད་ན་ག་ལ་འགྲིག ང་ཚོས་ནམ་ཡང་རང་རིགས་ཀྱི་ཆེད་རང་གིས་ཐེག་ཚད་ཀྱི་འགན་རེ་ལེན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཤེས་འཇོན་གཉིས་ལྡན་སོགས་ཀྱིས་རང་གི་ནུས་ཚད་དང་བསྟུན་ཏེ་འགན་ལེན་དགོས་ལ། ཤེས་འཇོན་གང་ཡང་མེད་མཁན་ཞིག་ཡིན་ནའང་རང་ཉིད་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པ་ངོས་ཟིན་དགོས་པ་དང། རྒྱལ་ཁབ་དང་མི་རིགས་ཀྱི་ཐད་ལ་སེམས་པ་རྣལ་མ་བྱེད་རྒྱུ་ནི་ཕྲག་ཏུ་ཁུར་དགོས་པའི་འགན་འཁྲི་ཡིན། ད་དུང་འདོད་རྔམ་གྱི་དབང་གིས་ཡུལ་ལུང་གི་ཁྲིམས་དང་མི་འགལ་བ། རང་མི་རིགས་ཀྱི་རྐང་འདྲེན་མི་བྱེད་པ་བཅས་ནི་སེམས་ལ་ཉར་དགོས་པའི་གནད་འགག་ཡིན། ངས་འདི་ལྟར་བཤད་དུས། གཞན་གྱིས་ང་ལ་རང་ཉིད་ཡག་པོ་ཡོད་མེད་ལ་འདྲི་རྟགས་ཤིག་འགོད་སྲིད་མོད། ངས་རང་ཉིད་ནས་འགོ་བརྩམས་ཏེ་གཡོལ་གང་ཐུབ་བྱེད་མཁན་ཚོར་ཟེར་གྱི་ཡོད།
གཉིས་པ། རང་མི་རིགས་ཀྱི་སྐད་ཡིག་ལ་བསམ་ཤེས་དགོས། ང་ཚོ་འདིར་སྐྱབས་བཅོལ་བའི་ཁྲོད་དུ་སྐྱོན་ཆེ་ཤོས་ཤིག་ནི། རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་རྒན་དར་གཞོན་གསུམ་གྱིས་རང་གི་སྐད་ཡིག་ལ་དོ་སྣང་སྤྲད་དགོས་པ་ནི་འགན་འཁྲི་ཡིན། ཡིད་སྐྱོ་བ་ཞིག་ལ་ང་ཚོའི་མང་ཆེ་ཤོས་ཤིག་བོད་ཡིག་གི་གསར་ཤོག་དང་དུས་དེབ་སོགས་ཀློག་རྒྱུ་ཕར་ཞོག དེ་དག་མཐོང་དུས་མགོ་ན་བར་འགྱུར། ཕ་མ་རང་ཉིད་བོད་ཡིག་ལ་སུན་སྣང་ཡོད་པ་ཞིག་ཡིན་ན། རང་གི་བུ་ཕྲུག་བོད་ཡིག་ལ་སྤྲོ་སྣང་ཡོད་པ་ཞིག་ཇི་ལྟར་སྐྱོང། ང་ཚོས་མི་རིགས་ཀྱི་ཚེ་སྲོག་འཛིན་སྐྱོང་སྤེལ་གསུམ་བྱེད་ན་རང་གི་བུ་ཕྲུག་མི་རིགས་ཀྱི་ཚེ་སྲོག་གི་སོན་རྩར་འཇོག་དགོས་ལ། དེ་ལ་དང་པོ་ཕ་མ་ནས་འགོ་འཛུགས་དགོས་པས། ཕ་མའི་ངོས་ནས་རང་ཉིད་ཆབ་སྲིད་རང་བཞིན་གྱི་སྐྱབས་བཅོལ་བ་ཞིག་ཡིན་པ་སེམས་ལ་བཅངས་ཏེ། ངས་བོད་ཡིག་མི་ཤེས་ཞེས་པའི་ཚིག་དེར་བེད་སྤྱོད་མི་གཏོང་བར་བོད་ཡིག་ལ་དོ་སྣང་སྤྲད་དེ་གསར་ཤོག་དང་དུས་དེབ་སོགས་ཀློག་རྒྱུ་དང། གལ་སྲིད་ཀློག་མི་ཤེས་མཁན་ཞིག་ཡིན་ན་ཤེས་མཁན་ཚོར་དྲིས་ཏེ་ཨེ་ཤེས་ལྟ་རྒྱུ་དང། རང་ཉིད་རང་གི་བུ་ཕྲུག་གི་མིག་དཔེར་འཇོག་དགོས།
བོད་ནང་རིག་གནས་གསར་བརྗེའི་སྐབས་སློབ་གྲྭར་འགྲོ་མ་མྱོང་བའི་ནོར་ལུག་འཚོ་མཁན་དང་ཞིང་ལས་བྱེད་མཁན་ཚོར་རྡུང་རྡེག་གི་གནོན་ཤུགས་འོག་མའོ་ཙེ་ཏུང་གི་རྩོམ་ཡིག་ཀློག་བཅུག་སྟེ། མང་པོ་ཞིག་བོད་ཡིག་ཀློག་ཤེས་པ་མ་ཟད་དོན་ཡང་གང་འཚམ་གོ་བར་གྱུར། སྐབས་དེར་ཁོ་ཚོར་ཀ་ཁ་ནས་བསླབས་ཏེ་ཀློག་བཅུག་པ་ཞིག་མིན་ལ། དང་པོ་ནས་མའོ་ཙེ་ཏུང་གི་རྩོམ་ཡིག་ཀློག་བཅུག་པ་ཞིག་ཡིན་པས། དེ་ནི་རྒྱ་ནག་གིས་ང་ཚོ་བོད་མི་རིགས་ཀྱི་རིག་གཞུང་ལ་བསམ་པ་ཞིག་གཏན་ནས་མིན་པར། མའོ་ཙེ་ཏུང་གི་ལྟ་བའི་ལམ་ཕྱོགས་ཁོ་ཚོའི་ཤ་ཁྲག་རུས་གསུམ་ལ་འཐིམ་དུ་འཇུག་ཆེད་ཡིན། སྐབས་དེར་ང་ཚོའི་སྐད་ཡིག་ལའང་འཐབ་རྩོད་བྱས་ཏེ་ཕྲད་དང་རྣམ་དབྱེ་སྐོར་ཞིག་བཙོན་ལའང་བཅུག་ཡོད། (རྣམ་དབྱེ་དྲུག་པའི་འཕྲད་གི་དང། གསུམ་པའི་འཕྲད་གིས་མ་གཏོགས་གཞན་རྣམས་དོར་བཅུག་པ་ལྟ་བུ་ཡིན།) ད་ལྟ་ང་ཚོ་ནི་དེ་འདྲ་མིན་པར་ལུས་སེམས་ལྷོད་ལྷོད་ཀྱིས་བསླབ་ཀློག་བྱེད་ཆོག་པས། ཕ་མས་རང་ཉིད་ཀྱི་བུ་ཕྲུག་བོད་མི་རྣལ་མ་ཞིག་ཡོང་ཆེད་དང། རང་ནང་བཞིན་བོད་ཡིག་མཐོང་ཚེ་མགོ་ན་མཁན་ཞིག་མི་འོང་བའི་ཕྱིར་རང་གི་སྐད་ཡིག་གི་ཐད་དུ་དཀའ་ངལ་ལ་གདོང་ལེན་བྱེད་དགོས་སྙམ། གཞན་ང་ཚོའི་རིག་གཞུང་དང་སྐད་ཡིག་ལ་གཅེས་སྐྱོང་བྱེད་ཡུལ་དང་བྱེད་མཁན་གྱི་ལྟེ་གནས་དགོན་སྡེ་ཁག་ཡིན་པ་སྤྱི་ཚོགས་གསར་རྙིང་གཉིས་སུ་དངོས་སུ་མིག་མཐོང་ལག་ཟིན་དུ་གྱུར་ཡོད། དེ་ནི་ང་ཚོས་འཛམ་གླིང་འདིར་ངོམ་ཆོག་པའི་ཁྱད་འཕགས་ཀྱི་ནོར་བུའི་འབྱུང་ཁུངས་ཤིག་ཀྱང་ཡིན།།