སྐུ་ཚབ་རྣམས་རྒྱ་གར་དུ་འབྱོར་ཡོད་པ་རེད།
བོད་རྒྱ་འབྲེལ་མོལ་ལ་རྒྱལ་སྤྱིའི་ཐོག་གི་གནད་ཡོད་མི་སྣ་མང་པོས་རེ་བ་བརྒྱབ་དང། གྲུབ་འབྲས་ཡོང་ཐབས་སུ་རྒྱ་ནག་འབོད་སྐུལ་གནང་ཡོད་ནའང། རྒྱ་ནག་གཞུང་འབྲེལ་གྱི་བསྒྲགས་གཏམ་དེས་འབྲེལ་མོལ་ལ་གྲུབ་འབྲས་གང་ཡང་མེད་པ་དང། དོན་དངོས་སུ་འབྲེལ་མོལ་བྱེད་འདོད་མེད་པ་ཡང་གསལ་པོ་ཆགས་ཡོད་པ་རེད། བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་གྲུབ་ནས། ཟླ་འདིའི་ཚེས་༡ ཉིན་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་དྷ་སར་འབྱོར་ཡོད་པ་དང། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང། སྐུ་ཚབ་སྐལ་བཟང་རྒྱལ་མཚན། ཕྱག་རོགས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཚེ་རིང་དང། ཕྱི་འབྲེལ་དྲུང་ཆེ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས། བཀའ་དྲུང་ཡིག་ཚང་གི་བོད་རྒྱ་ཞི་མོལ་སྡེ་ཚན་གྱི་ལས་བྱེད་འཇིགས་མེད་པ་སངས་བཅས་རྒྱ་ནག་ཏུ་ཕེབས་ཏེ། རྒྱ་ནག་ཕྱོགས་ན་འཐབ་ཕྱོགས་གཅིག་སྒྱུར་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་ཀྲའུ་ཝེ་ཆིན་དང། སྲི་ཐར། བོད་རང་སྐྱོང་ལྗོངས་ཞེས་པའི་མི་མང་འཐུས་མི་ཚོགས་པའི་འགན་འཛིན་གཞོན་པ་ཉི་མ་ཚེ་རིང་བཅས་དང་ལྷན་གྲོས་མོལ་གནང་ཡོད་པ་རེད།
བོད་ཀྱི་སྐུ་ཚབ་རྣམས་ཟླ་འདིའི་ཚེས་༡ ཉིན་རྒྱ་གར་དུ་འབྱོར་མ་ཐག་རྒྱ་ནག་དབུས་གཞུང་འཐབ་ཕྱོགས་གཅིག་སྒྱུར་ལས་ཁུངས་ཞེས་པའི་བློན་ཆེན་ཏུའུ་ཆི་ལིན་གྱིས། རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཤེན་ཧྭཁ་དྲ་རྒྱའི་ཐོག་བརྗོད་པ་ལྟར་ན། ༧གོང་ས་མཆོག་གི་སྐུ་ཚབ་དང་ཐུག་འཕྲད་སྐབས། རྒྱ་ནག་ཞུང་གིས་རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཆག་ལ་གདོང་ལེན་དང། རྒྱ་ནག་རྒྱལ་ཁབ་འགོ་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཟབ་རྒྱས་བྱས་པ་སོགས་སྤྱི་ཚོགས་རིང་ལུགས་ཀྱི་སྒྲིག་གཞི་ནི་ཆེས་འོས་ཤིང་འཚམས་པ་དང། རྒྱ་ནག་དམར་ཕྱོགས་ཚོགས་པ་དང། རྒྱ་ནག་མི་མང་ལ་དཀའ་ངལ་ཡོད་ཚེ་སེལ་ཐབས་ཀྱི་བློ་རིག་དང་ནུས་པ་ལྡན་པ། རྒྱ་ནག་དམར་ཕྱོགས་ཀྱིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཁ་ནི་ཡང་དག་པ་དང། ལོ་རྒྱུས་ཀྱི་འཕེལ་རིམ་དང་འཚམས་པ། བོད་རིགས་གཙོ་བོར་གྱུར་བའི་རྒྱ་ནག་མི་རིགས་སོ་སོའི་སེམས་གཏིང་ནས་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་ཞིག་རེད། རྒྱ་ནག་དབུས་གཞུང་གིས་ཉེ་ཆར་འཚོགས་པའི་སྐབས་ལྔ་པའི་བོད་ཀྱི་ལས་དོན་ལྷན་ཚོགས་དེས་རྒྱ་ནག་གཞུང་གིས་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་དོ་སྣང་དང། མི་རིགས་ལ་སེམས་ཁུལ་ག་ཚོད་བྱེད་ཀྱི་ཡོད་མེད་མཚོན་གྱི་ཡོད་པ་རེད། འཛམ་གླིང་ནང་རྒྱ་ནག་དམར་ཕྱོགས་ཚོགས་པ་ལས། མི་རིགས་ས་ཁུལ་གཅིག་གི་འཕེལ་རྒྱས་ཆེད་བསྟུད་མར་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་སྟོབས་ཤུགས་གཅིག་བསྒྲིལ་གྱིས་རྒྱབ་སྐྱོར་བྱེད་མཁན་ཡོད་པ་མ་རེད། བོད་མི་རིགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོབ་དང། བོད་མི་རིགས་བདེ་སྐྱིད་དང་ལྡན་པའི་འཚོ་བ་ཡག་པོ་ཞིག་ཡོང་བར་རྒྱ་ནག་དམར་ཕྱོགས་ཚོགས་པ་དང། རྒྱ་ནག་དབུས་གཞུང། བོད་ས་གནས་སྲིད་གཞུང་ལས་ལྷག་ཡོད་པ་མ་རེད་ཅེས་བརྗོད་འདུག
ཏུའུ་ཆི་ལེན་གྱིས་མུ་མཐུད་བརྗོད་དོན། རྒྱ་ནག་རྒྱལ་ཁབ་ཀྱི་ཁེ་ཕན་ལ་དོ་ཕོག་གཏོང་མི་ཆོག་པ་དང། རྒྱལ་ཁབ་ཀྱི་ཁེ་དབང་དང་ས་ཁོངས་བདག་དབང་གི་གནད་དོན་ལ་གྲོས་མོལ་བྱེད་རྒྱུའི་གོ་སྐབས་རྩ་བ་ནས་མེད། བོད་ཆེན་པོ་དང་ཆེས་མཐོའི་རང་སྐྱོང་ཟེར་བ་རྒྱ་ནག་གི་རྩ་ཁྲིམས་དང་འགལ་བས་དེ་མཐའ་གཅིག་ཏུ་བློས་གཏོང་བྱེད་དགོས་པ་རེད། གལ་སྲིད་དེ་ལྟར་བྱུང་ན། ཕན་ཚུན་གྱི་གྲོས་མོལ་ལ་རྨང་གཞི་བསྐྲུན་པ་དང། ཏཱ་ལའི་བླ་མ་སྒེར་ལ་ལམ་ཁ་ཞིག་ཡོང་གི་རེད། ཏཱ་ལའི་བླ་མས་མུ་མཐུད་རྒྱལ་སྤྱིའི་ཐོག་རྒྱ་ནག་ཁ་བྲལ་གྱི་ལས་འགུལ་དང་དྲིལ་བསྒྲགས་སྤེལ་ན། ཕྱོགས་གཉིས་ཀྱི་གྲོས་མོལ་ལ་མདུན་བསྐྱོད་ཀྱི་རྣམ་པ་གང་ཡང་སྨིན་གྱི་མ་རེད། བོད་ནང་གི་བོད་མི་ཚོ་ད་ལྟའི་ལྷིང་འཇགས་ཀྱི་གནས་སྟངས་ལ་འདོད་བློ་ཁེངས་ནས་བསྡད་ཡོད་པས། བྱེད་ཐབས་འདྲ་མིན་བརྒྱུད་དཀྲུག་ཐབས་བྱས་པ་དེ་ལམ་ལྷོང་རྩ་བ་ནས་ཡོང་གི་མ་རེད། དེས་ཕྱོགས་གཉིས་ཀྱི་འབྲེལ་མོལ་ལ་འགོག་རྐྱེན་དང། ཏཱ་ལའི་བླ་མ་ཁེར་རྐྱང་དུ་ལས་འཇུག་གི་རེད། རྒྱ་ནག་དབུས་གཞུང་གིས་ཏཱ་ལའི་བླ་མའི་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གང་ཡང་མེད་པར། ཕྱོགས་གཉིས་ཀའི་གྲོས་མོལ་གྱི་སྒོ་མཽ་ཕྱེ་ནས་ཡོད། རྒྱ་ནག་དང་ལྷན་དུ་དོན་དངོས་ཐོག་གྲོས་མོལ་ཡར་རྒྱས་གཏོང་རྒྱུའི་འདོད་པ་ཡོད་ན། དོན་དངོས་ཀྱི་གནས་སྟངས་རྟོགས་པའི་ཐོག་སྟོང་བསམ་བློས་གཏོང་གིས་ལོ་རྒྱུས་ལ་བརྩི་བཀུར་དགོས་པ། སོ་སོའི་སྨྲ་བརྗོད་དང་སྤྱོད་ལམ་ལ་བསམ་ཞིབ་དགོས་པ། དེ་བཞིན་སོ་སོའི་ལངས་ཕྱོགས་ལ་བསྒྱུར་བཅོས་བཏང་སྟེ། རྒྱ་ནག་གཞུང་དང་མི་མང་གིས་ཡིད་ཆེས་སྙེད་ཐབས་དགོས་པ་རེད། བོད་རང་བཙན་དང། རྣམ་པ་མི་གསལ་བའི་རང་བཙན། འཚེ་བ་དང་འཚེ་བ་མེད་པའི་ལམ། བོད་དོན་རྒྱལ་སྤྱིའི་གནས་ཚུལ་ལ་སྒྱུར་ཐབས་སོགས་ཚང་མར་གོ་སྐབས་ཡོད་པ་མ་རེད། ད་ཐེངས་སྐུ་ཚབ་ཕན་ཚུན་ཐུག་འཕྲད་སྐབས། བཙན་བྱོལ་བོད་གཞུང་ནི་ཁྲིམས་འགལ་གྱི་ཚོགས་པ་ཞིག་ཡིན་པ་དང། དེས་བོད་དང་མི་མང་གིས་ཚབ་མཚོན་ཐུབ་ཀྱི་མ་རེད། ཁྱེད་ཚོ་ནི་ཏཱ་ལའི་བླ་མའི་སྒེར་གྱི་འཐུས་མི་ཡིན་པས། ཁ་བྲལ་གྱི་བྱ་སྤྱོད་ཡོད་ཚད་མཚམས་འཇོག་གྱིས་ཏཱ་ལའི་བླ་མ་སྒེར་གྱི་མདུན་ལམ་ཐོག་གྲོས་བསྡུར་བྱེད་ཆོག་གི་རེད་ཅེས་བརྗོད་ཡོད་པ་རེད་ཅེས་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད།།