༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་གཉིས་མཇལ་འཕྲད།

༧གོང་ས་མཆོག་གིས། “ཨ་རིའི་སྲིད་འཛིན་གྱི་ངོས་ནས་བོད་རྒྱ་གཉིས་ཀྱི་དཀའ་ངལ་སེལ་ཆེད་དུ། ང་ཚོས་དབུ་མའི་ལམ་ལ་འབད་བརྩོན་བྱས་པར་རྒྱབ་སྐྱོར་ཡོད། མུ་མཐུད་ནས་རྒྱ་ནག་གཞུང་དང་འབྲེལ་བ་བྱས་ནས་སྐད་ཆ་ཤོད་རྒྱུ་གལ་ཆེན་པོ་རེད། དེར་ཡང་རྒྱབ་སྐྱོར་ཡོད་ཅེས་གསུང་གི་འདུག་”ཅེས་གསར་འགོད་པར་གསུངས་ཡོད་པ་དང་། དེ་དང་ཕྱོགས་མཚུངས་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་མཱ་ཀྲའོ་ཞུའུ་ཟེར་བས། “མཇལ་འཕྲད་ཀྱི་བྱ་སྤྱོད་འདི་ནི་ཨ་རིའི་གཞུང་ཕྱོགས་ནས། བོད་རྒྱ་ནག་གི་ཆ་ཤས་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཟེར་བའི་རང་ཉིད་ཀྱི་ཁས་ལེན་ལའང་ངོ་རྒོལ་བྱས་པ་ཞིག་རེད་”ཅེས་པེ་ཅིང་དུ་ཁྱབ་བསྒྲགས་བྱས་ཡོད་པ་རེད། 
དེ་ཡང་ཟླ་འདིའི་ཚེས་༡༧ ཉིན་༧གོང་ས་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་༧ཞབས་སོར་འཁོད་སྐབས། ཨ་རིའི་གཞུང་འབྲེལ་སྣེ་ལེན་མི་སྣ་དང་། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན། ཨ་རིའི་བོད་གཞུང་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས། ཡུལ་དེའི་རྒྱ་གར་གཞུང་ཚབ་ཁང་གི་སྐུ་ཚབ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། ཟླ་འདིའི་ཚེས་༡༨ ཉིན་གྱི་སྔ་དྲོར་སྲིད་འཛིན་ཨོ་བྷ་མ་མཆོག་གིས། རྒྱ་ནག་གཞུང་ཕྱོགས་ནས་ངོ་རྒོལ་ཤུགས་ཆེར་བྱས་མིན་ལ་མ་ལྟོས་པར། ༧གོང་ས་མཆོག་ཕོ་བྲང་དཀར་པོའི་གཞུང་འབྲེལ་མཱ་པི་ཁང་ཆེན་ནང་གདན་ཞུས་ཀྱིས། ཆུ་ཚོད་གཅིག་ཙམ་ལ་མཇལ་འཕྲད་བཀའ་མོལ་གནང་ཡོད་པ་རེད། སྐབས་དེར་གསར་འགོད་པ་སོགས་བཏང་མེད་རུང་ཕོ་བྲང་དཀར་པོ་གཞུང་འབྲེལ་གྱིས། ༧གོང་ས་མཆོག་དང་སྲིད་འཛིན་རྣམ་གཉིས་ལྷན་བསྒྲོན་གྱི་སྐུ་པར་འགྲེམས་སྤེལ་གནང་ཡོད་པ་དང་། ཉིན་རྒྱབ་ཏུ་ཨ་རིའི་རྒྱལ་དོན་དྲུང་ཆེ་ཧི་ལ་རི་ཁི་ལིན་ཊོན་མཆོག་ནས་མཇལ་འཕྲད་ཞུས་ཡོད་པ་རེད།
༧གོང་ས་མཆོག་དང་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་གྲུབ་པ་དང་ཕོ་བྲང་དཀར་པོའི་ཕྱོགས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྐབས།  ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་རོ་བྷར་གྷིབ་སི་ལགས་ཀྱིས། “༧ཏཱ་ལའི་བླ་མ་མཆོག་ནི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དང་། འཛམ་གླིང་ཐོག་ཆེས་གུས་བཀུར་འོས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་རེད། ཁོང་གིས་རྒྱ་ནག་གཞུང་དང་ལྷན་དུ་རྒྱུན་སྐྱོང་གནང་བཞིན་པའི་དབུ་མའི་ལམ་དང། འཚེ་བ་མེད་པའི་ལྟ་གྲུབ་བཅས་ལ་སྲིད་འཛིན་ཨོ་བྷ་མ་མཆོག་གིས་བསྔགས་བརྗོད་ཞུས་སོང་ལ། དེ་བཞིན་བོད་མི་རིགས་ཀྱི་ངོ་བོ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བཅས་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་ཡོད། སྲིད་འཛིན་མཆོག་གིས་དམིགས་སུ་བཀར་ནས་བོད་རྒྱའི་དབར་མི་མཐུན་པའི་གདན་དོན་ལ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་ཆེད། ཕྱོགས་གཉིས་ཀས་རྒྱུན་བསྲིང་དགོས་པ་དང། ཉེ་ལམ་བོད་རྒྱའི་དབར་གྲོས་མོལ་བསྐྱར་གསོ་བྱུང་བའི་གནས་ཚུལ་ལ་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་”ཅེས་གསུངས་ཡོད་པ་རེད།
དུས་མཚུངས་༧གོང་ས་མཆོག་གིས་གསར་འགོད་པ་ཚོར། “ང་འཛམ་གླིང་ནང་གི་མང་གཙོའི་རྒྱལ་ཁབ་སྟོབས་ཆེ་ཤོས་ཀྱི་སྲིད་འཛིན་ལ་མཇལ་འཕྲད་བྱུང་བར་དགའ་པོ་ཞེ་དྲག་བྱུང་ལ། ང་ཆུང་དུས་ནས་ཨ་རི་གཞུང་གི་དཔལ་འབྱོར་དང་དམག་དོན་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་། མང་གཙོ་བཅས་ཡང་རྩེར་སོན་པ་ཞིག་ལ་ངོས་འཛིན་བྱས་ནས་ཡིད་སྨོན་བྱེད་ཀྱི་ཡོད། ཨ་རིའི་སྲིད་འཛིན་གྱི་ངོས་ནས་བོད་རྒྱ་གཉིས་ཀྱི་དཀའ་ངལ་སེལ་ཆེད་དུ། ཕྱོགས་གཉིས་ཀྱིས་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསུངས་བྱུང་། དེ་བཞིན་ངས་འགྲོ་བ་མིའི་རིན་ཐང་སྤེལ་རྒྱུ་དང་། ཆོས་ལུགས་མཐུན་སྒྲིལ། བོད་མི་མང་གིས་ངོས་ལ་རེ་བ་བརྒྱབ་པ་བཞིན་བོད་ཀྱི་གནད་དོན་ཐད་ལ་འགན་འཁུར་ནས་ལས་དོན་བསྒྲུབ་རྒྱུ་བཅས། མི་ཚེའི་ནང་གི་དམ་བཅའ་གསུམ་འགྲེལ་བརྗོད་ཞུས་པ་ཡིན་”ཞེས་སོགས་གསུངས་ཡོད་པ་རེད།
ཡང་༧གོང་ས་མཆོག་གིས་མུ་མཐུད་ནས། བོད་ནང་གི་བོད་མི་ཚོར་དམིགས་ནས་བོད་སྐད་ཐོག་བཀའ་སློབ་གནང་དོན། “དེ་རིང་ཨ་རིའི་སྲིད་འཛིན་མཆོག་མཇལ་རྒྱུའི་གནས་ཚུལ་དེ་བོད་ནང་ནས་གོ་དུས་བོད་ཀྱི་ས་ཁུལ་མང་པོ་ཞིག་ནང་བསང་གསོལ་བྱེད་པ་སོགས་ཀྱི་དགའ་སྣང་གི་ཚོར་བ་ཤུགས་ཆེན་པོ་བྱུང་ཡོད་པ་གོ་རྒྱུ་འདུག དེ་རིང་ཨ་རིའི་སྲིད་འཛིན་དངོས་སུ་མཇལ་ནས་བཀའ་མོལ་ཞུས་ཡོད་པ་དང། སྲིད་འཛིན་འོས་བསྡུའི་ནང་ལངས་སྐབས་ནས་ངེད་གཉིས་ཁ་པར་གྱི་ཐོག་དང། དེ་རྗེས་ཕྱག་བྲིས་འབུལ་རྒྱུ་དང་ཡིག་འབྲེལ་བྱུང་ཡོད། ཁོང་ནི་བོད་དོན་ལ་ཞེ་དྲག་སེམས་ཁུར་བཞེས་མཁན་ཞིག་རེད། ཁོང་ཁ་སྔོན་རྒྱ་ནག་ཏུ་ཕེབས་སྐབས་བོད་དོན་ཐོག་ཤུགས་ཆེན་པོ་གསུངས་འདུག  ན་ནིང་ངེད་ཐུག་འཕྲད་མ་བྱས་པ་དེར་རྒྱུ་མཚན་ཡོད། ཨ་རི་གཞུང་ནས་ཀྱང་རྒྱུ་མཚན་གཟིགས་ཀྱི་ཡོད་པ་རེད། ད་ལྟ་ཡོངས་གྲགས་བྱས་ནས་གསུང་གསལ་ལ་ང་ཚོས་དབུ་མའི་ལམ་ལ་འབད་བརྩོན་བྱས་པར་རྒྱབ་སྐྱོར་ཡོད། མུ་མཐུད་ནས་རྒྱ་ནག་གཞུང་དང་འབྲེལ་བ་བྱས་ནས་སྐད་ཆ་ཤོད་རྒྱུ་གལ་ཆེན་པོ་རེད། དེར་ཡང་རྒྱབ་སྐྱོར་ཡོད་ཅེས་གསུང་གི་འདུག དེ་རིང་ཡག་པོ་ཞེ་དྲག་བྱུང་སོང་། ཡིན་ཡང་ང་ཚོ་ཚང་མས་ཤེས་དགོས་པ་ཞིག་ལ་རྩ་བའི་བོད་དོན་དེ་ལས་སླ་པོའི་གནས་ཚུལ་ཞིག་མ་རེད། གང་ལྟར་ང་ཚོའི་བོད་སྐད་ནང་ཆ་བཞག་ན། དབང་ཆེན་དབང་མེད་ཅེས་པའི་སྐད་ཆ་ཆགས་ཀྱི་ཡོད་རེད་”ཅེས་དང་། ཡང་ཁོང་གིས། “གཙོ་ཆེ་ཤོས་བོད་རྒྱ་ཆེའི་མི་མང་གིས་དངོས་གནས་དྲང་གནས་ལྷག་བསམ་ལ་འགྱུར་བ་མེད་པར། སོ་སོའི་བདེན་པའི་དོན་ལ་འཐབ་རྩོད་བྱ་རྒྱུ་ཚང་མར་སེམས་ཤུགས་ཧ་ལས་པ་ཡོད་པ་དེ་ཞེ་དྲག་ཡག་པོ་རེད་”ཅེས་སོགས། མི་མང་དང་གསར་འགོད་པ་ཚོར་བཀའ་བསྩལ་ཡོད་པ་རེད།
ད་ཐེངས་ཀྱི་༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་མཇལ་འཕྲད་འདི་ལ་རྒྱ་ནག་གཞུང་ཕྱོགས་ནས་ངོ་རྒོལ་ཤུགས་ཆེར་བྱས་པས། འཛམ་གླིང་ནང་སྙན་གྲགས་ཆེ་བའི་བརྒྱུད་ལམ་བྷི་བྷི་སི་སོགས་ཀྱིས་ཧ་ཅང་གི་དོ་སྣང་ཆེན་པོས་ཁྱབ་བསྒྲགས་བྱས་ཡོད་པ་རེད། དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་མཱ་ཀྲའོ་ཞུའུ་ཟེར་བས། “ཨ་རི་གཞུང་གི་སྤྱོད་ཚུལ་དེས་རྒྱ་ནག་ནང་སྲིད་ལ་ཐེ་གཏོགས་ཚབས་ཆེན་བྱས་པ་དང་། རྒྱ་ནག་མི་མང་གི་སེམས་ཁམས་སུ་ཉེན་ཚབས་ཆེ་བའི་ཕོག་ཐུག་ཆེན་པོ་བཏང་སོང་ལ། རྒྱ་ནག་གཞུང་ཕྱོགས་ནས་ཨ་རི་གཞུང་ལ་ཆེད་དུ་ནན་བརྗོད་བྱེད་རྒྱུ་ནི། ཨ་རིའི་ཕྱོགས་ནས་རྒྱ་ནག་གི་གནས་བབས་ལ་བསམ་གཞིག་ནན་པོ་བྱེད་དགོས་པ་དང་། གདུག་རྩུབ་ཆེ་བའི་གནོན་ཤུགས་འདི་མྱུར་དུ་གཙང་སེལ་ལེགས་སྐྱོང་དགོས་ལ། རྒྱ་ནག་ལ་ཁ་གཏད་བྱེད་མཁན་བོད་རང་བཙན་རྩོད་པའི་ཁ་བྲལ་བའི་དྲག་ཤུགས་ལ་རྒྱབ་སྐྱོར་མཚམས་འཇོག་བྱེད་དགོས། མཇལ་འཕྲད་ཀྱི་བྱ་སྤྱོད་འདི་ནི་ཨ་རིའི་གཞུང་ཕྱོགས་ནས་བོད་རྒྱ་ནག་གི་ཆ་ཤས་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཟེར་བའི་རང་ཉིད་ཀྱི་ཁས་ལེན་ལའང་ངོ་རྒོལ་བྱས་པ་ཞིག་ཡིན་ཞིང་། དེ་བཞིན་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་ཕོག་ཐུག་ཆེ་བའི་ལས་དོན་ཁག་ལ་འཛེམས་ཟོན་བྱེད་དགོས་ལ། ད་ལྟའི་ཆར་ང་ཚོའི་རེ་བ་ལ་སྲིད་འཛིན་ཨོ་བྷ་མའི་ངོས་ནས། ཨ་རྒྱ་གཉིས་ཀྱི་འབྲེལ་བའི་ལམ་བུ་ཐོག་གོམ་སྟབས་བསྒྱུར་རྒྱུ་དེ་ཡིན་”ཞེས། རྒྱ་ནག་གི་དྲ་ལམ་དང་ཚགས་པར། དུས་དེབ། རླུང་ཕྲིན་ཁང་སོགས་ནས་ཁྱབ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་རེད།
གསར་འགྱུར་དབྱེ་ཞིབ་པ་ཚོས་དེང་སྐབས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་པར་རྒྱུ་མཚན་༦ ངོས་འཛིན་བྱས་ཡོད་པ་སྟེ། དེ་ཡང་དང་པོ་གྷུའུ་གྷལ་དྲ་གནས། ཨ་རིའི་ཞིབ་འཇུག་གློག་འཕྲུལ་གྱིས་གྷུའུ་གྷལ་དྲ་གནས་ཁང་ལ་གཏོར་སྐྱོན་གཏོང་མཁན་རྒྱ་ནག་ཡིན་པ་ཤེས་རྟོགས་བྱུང་རུང་རྒྱ་ནག་གིས་ངོས་ལེན་བྱས་མེད་པ་དང་། གཉིས་པ་ཐེ་ཝན་གླིང་ཕྲན་གྱི་རྩོད་རྙོག ཨ་རི་གཞུང་གིས་ཐེ་ཝན་གླིང་ཕྲན་སྲུང་སྐྱོབ་ཆེད་དུ། ཨ་སྒོར་ཐེར་འབུམ་༦ ལྷག་ཙམ་གྱི་གོ་མཚོན་འཚོང་རྒྱུ་ཡིན་པར་རྒྱ་ནག་གིས་ངོ་རྒོལ་བྱས་པ། གསུམ་པ་བོད་དོན། འཛིན་སྲིད་ཨོ་བྷ་མས་༧གོང་ས་མཆོག་དང་མཇལ་འཕྲད་ཞུས་པར་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་པ། བཞི་པ་ཚོང་འབྲེལ། རྒྱ་ནག་ཕྱོགས་ནས་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་དང། གསར་འགྱུར་བརྒྱུད་ལམ། བཟོ་སྐྲུན་རྒྱུ་ཆ་བཅས་སླད་ཅན་མང་དུ་འགྲོ་བཞིན་པ། ལྔ་པ་རྡུལ་ཕྲན་རྙོག་གླེང་། ཨི་རན་གྱི་རྡུལ་ཕྲན་ལས་འཆར་ལ་ཉེས་ཆད་གཏོང་རྒྱུའི་ཁྲིམས་གཞིར་རྒྱ་ནག་གིས་རྒྱབ་སྐྱོར་བྱེད་འཆར་མེད་པར་ཨ་རིར་འཇིགས་སྣང་སྐྱེ་བཞིན་པ། དྲུག་པ་གནམ་གཤིས་འགྱུར་ལྡོག  ལོ་སྔོན་མར་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་སྐབས། རྒྱ་ནག་གི་བྱ་སྤྱོད་ལ་ཨ་རིར་བློ་ཕམ་བྱུང་ཡོད་པའི་གནས་ཚུལ་བཅས། གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་བྱས་ཡོད་པ་རེད། །