༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་གླེང་བ།

ཟླ་འདིའི་ཚེས་༢༥ ཉིན་གྱི་སྔ་དྲོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ལེགས་པར་གྲུབ་རྗེས། ཉིན་རྒྱབ་ཆུ་ཚོད་༢་༣༠ ཐོག་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་བཙན་བྱོལ་བོད་གཞུང་གི་སྲི་ཞུ་ལས་བྱེད་པ་ཡོངས་རྫོགས་ལྷན་དུ་འཚོགས་ནས། དེར་ཆེད་དུ་གསུང་བཤད་གནང་མཁན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་དང། སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན། ན་ག་སངས་རྒྱས་བསྟན་དར་བཅས་ཀྱིས་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་མཛད་རྗེས་དང་འབྲེལ་བའི་གསུང་བཤད་གནང་སོང།
དང་པོ་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་༸རྒྱལ་བ་སྐུ་ཕྲེང་ལྔ་པ་ནས་བཟུང་༸གོང་ས་སྐུ་ཕྲེང་ན་རིམ་གྱིས་བོད་གཞུང་དགའ་ལྡན་ཕོ་བྲང་གིས་སྲིད་དབང་བཟུང་བའི་སྐབས་ཀྱི་བོད་ཀྱི་ཆབ་སྲིད་ཀྱི་དར་རྒུད་དང་སྐོར་དང། མན་ཇུའི་གཞུང་དང་བོད་གཞུང་བར་གྱི་འབྲེལ་བའི་སྐོར་ངོ་སྤྲོད་གྲ་རྒྱས་པོ་གནང་བ་དང་འབྲེལ། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་སྐོར་གསུང་དོན། སྤྱི་ཡོངས་ནས་དེའི་སྐབས་སུ་གོར་ཁ་དང། དབྱིན་ཇིའི་རྙོག་གྲ་མང་པོ་བྱུང་བ་རེད། ལྷག་པར་དུ་མན་ཇུ་དང་དབྱིན་ཇིའི་བར་དུ་ཆིངས་ཡིག་ཁག་མང་པོ་ཞིག་བཞག་འདུག  དབྱིན་ཇི་གཞུང་གིས་མན་ཇུས་བོད་ཀྱི་དབང་ཆ་ཆེན་པོ་བཟུང་ཡོད་པའི་ཡིད་ཆེས་བྱས་འདུག གང་ཡིན་ཟེར་ན། ཕལ་ཆེར་ཕྱི་ལོ་༡༨༥༨ དང་༡༨༧༦ ལོ་སོ་སོར་མན་ཇུ་དང་དབྱིན་ཇིའི་དབར་སྔ་རྗེས་སུ་ཆིངས་གཉིས་བཞག་སྟེ། དབྱིན་ཇིའི་མི་བོད་བརྒྱུད་རྒྱ་ནག་ལ་འགྲོ་ཆོག་པའི་ཆིངས་ཡིག་བཞག་སྟེ། བོད་དེ་མན་ཇུའི་མངའ་འོག་ཡིན་པ་གཞིར་བཞག་ཐོག་ལག་ཁྱེར་ཞིག་ཀྱང་སྤྲད་འདུག ལག་འཁྱེར་དེའི་ནང་དབྱིན་ཇིའི་མི་བོད་ཀྱི་ས་གནས་གང་དུ་ཡོང་བ་ཡིན་ཡང་མན་ཇུའི་དཔོན་རིགས་ཚོས་སྣེ་ལེན་རོགས་རམ་བྱེད་ཀྱི་ཡིན་སྐོར་ཡང་བཀོད་འདུག ཕྱི་ལོ་༡༨༨༥ ལོར་དབྱིན་ཇིའི་མི་གམ་པ་རྫོང་དུ་འབྱོར་སྐབས་ལག་ཁྱེར་དེར་བོད་གཞུང་གིས་ངོས་ལེན་མ་བྱས་པར་ཕྱིར་ལོག་བཏང་བ་རེད། ཡང་༡༨༩༠ ལོར་མན་ཇུ་དང་དབྱིན་གཞུང་དབར་འབྲས་ལྗོངས་ཀྱི་ས་མཚམས་དབྱེ་འབྱེད་སྐོར་ཀ་ལི་ཀ་ཏ་རུ་ཆིངས་ཡིག་བཞག་པ་རེད། དེའི་མཇུག་སྐྱོང་གི་ཆེད་དུ་༡༨༩༣ ལོར་རྡོར་གླིང་དུ་མན་ཇུ་དང་དབྱིན་ཇིའི་དབར་གྲོས་མཐུན་བཞག་པ་དེ་ཚོ་ཚང་མའི་ནང་དུ་གྲོ་མོར་ཚོང་ར་འཛུགས་ཆོག་པ་དང། དབྱིན་གཞུང་གི་ལས་བྱེད་འདུག་ཆོག་པ་གསལ་འདུག འོན་ཀྱང་ཕྱི་སྲིད་ནང་སྲིད་གང་དུ་བལྟས་ཀྱང་མན་ཇུས་བོད་ཀྱི་དབང་ཆ་བཟུང་བའི་ནུས་པ་གང་ཡང་ཐོན་མི་འདུག་ཅེས་གསུངས་སོང།
དེ་རྗེས་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་དང་པོ། ༸གོང་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་དུ་ཅིའི་ཕྱིར་ཕེབས་པ་དང། དམིགས་ཡུལ་གང་ཡིན་པ། གཉིས་པ། དེའི་སྐབས་སུ་བོད་དེ་ཁྱིམ་མཚེས་རྒྱལ་ཁབ་གང་གིས་རོགས་བྱེད་མ་ཐུབ་པར་གཅིག་པུར་ལྷགས་པའི་སྐོར་དང། གསུམ་པ། སྤྱིར་བོད་ཀྱི་ལོ་རྒྱུས་དང་ལྷག་པར་དུ་༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་རྒྱ་ནག་གིས་བྲིས་པའི་ལོ་རྒྱུས་ཁག་ཏུ་འཁྱོག་བཤད་ཇི་ལྟར་བྱས་ཡོད་མེད་དང། བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་ཁག་དང། བཞི་པ། ༡༩༡༡ ལོར་རྒྱ་ནག་ཏུ་ལྕགས་ཕག་གསར་བརྗེ་བྱུང་བའི་སྐབས་སུ་༸གོང་ས་མཆོག་ཆིབས་བསྒྱུར་གནང་ཐུབ་པ་བྱུང་སྐོར་བཅས་ངོ་སྤྲོད་གནང་ཡོད་པ་རེད།
བཀའ་བློན་པ་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། བོད་ཀྱི་འདས་པའི་བྱུང་རབས་ལ་ཕྱིར་བལྟས་སློག་པའི་སྐབས་ལ་མཚམས་རེ་མིག་ཆུ་ཤོར་བའི་གནས་སྟངས་ཡོད་རེད། ལྷག་པར་དུ་༸གོང་ས་ལྔ་པ་ཆེན་པོས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་བཙུགས་པའི་རྗེས་ནས། ༸གོང་ས་མཆོག་གི་དགོངས་གཞི་དང་གཟིགས་སྣང་དང་མཐུན་པ་ཞིག་སླེབས་མ་ཐུབ་པ་དེ་གསལ་པོ་ཞེ་དྲག་རེད། ༡༩༥༩ ལོའི་རྗེས་སུ་བོད་ཀྱི་གནས་སྟངས་འདི་འདྲ་ཆགས་དོན་ག་རེ་རེད། བོད་དེ་ཆོས་ལྡན་ཞིང་ཁམས་དང་ནང་ཆོས་ཁས་ལེན་མཁན། གཉོམ་ཆུང་ཚུལ་མཐུན་ཞིག་ལ་རྒྱ་ནག་དམར་པོའི་གཞུང་གིས་གདུག་རྩུབ་འདི་འདྲ་བྱེད་དོན་ག་རེ་རེད་ཅེས་སྐད་ཆ་འདྲི་མཁན་ཡོང་གི་འདུག ཕྱོགས་གཅིག་ནས་ཁག་མེད་པ་ལྟ་བུ་རེད། ཕྱོགས་གཅིག་ནས་༸གོང་ས་ལྔ་པ་ཆེན་པོ་དགོངས་པ་གཞན་དོན་དུ་གཤེགས་ཟིན་པ་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་རྗེས་སུ་ཧ་ལམ་བོད་ཀྱི་དབང་འཛིན་པ་བརྒྱད་ཅུ་ཙམ་གྱི་ཚུལ་དང་མཐུན་པ་གནང་ཡོད་མ་རེད། མང་ཆེ་བ་ཞིག་སོ་སོའི་རང་དོན་དང་དབང་ཆའི་འཐབ་རྩོད་ལ་བོད་ཀྱི་རྩ་དོན་དེ་བློས་བཏང་ནས་ཡོང་བ་རེད། དེ་འདྲའི་དབང་གིས་འཛམ་བུ་གླིང་གི་ཁྲིམས་དང་ལོ་རྒྱུས་ཀྱི་རིག་པའི་གཞུང་ལུགས་དང་མཐུན་པའི་སྐད་ཆ་བཤད་ན། ༡༩༡༣ ནས་༡༩༥༡ བར་དུ་དོན་གྱིས་རང་བཙན་རེད་འདུག་ཟེར་མ་གཏོགས་རང་བཙན་གཙང་མ་རེད་འདུག་ལབ་པར་ཁག་པོ་ཆགས་བསྡད་ཡོད་རེད། གཞུང་དང་མི་མང་གཉིས་ཀ་ཁྲིམས་དང་དངོས་ཡོད་གནས་ཚུལ་གཉིས་ཀ་ནས་རང་བཙན་གཙང་མ་བྱས་ཏེ་བསྡད་པ་རེད་དེ། བསྡད་པ་དེ་མིའི་མདུན་ལ་ཁུངས་སྐྱེལ་མ་ཐུབ་པ་ཞིག་ང་རང་ཚོས་བཟོས་བསྡད་པ་རེད། དེ་ང་ཚོ་འདས་པའི་བོད་ཀྱི་ཆབ་སྲིད་ཀྱི་སྔོན་རབས་པ་དེ་ཚོའི་ལྷག་བསམ་ལ་སྐྱོན་ཡོད་ཀྱི་མ་རེད་དེ་ཤེས་ཡོན་གྱིས་མ་འདང་བ་དང། གཞུང་དང་སྒེར་གྱི་དབང་ཆ་གཉིས་དེ་སྒེར་གྱི་དབང་ཆའི་ཁེ་ཕན་གལ་ཆེ་བ་བརྩིས་པའི་ཉེར་ལེན་ལ་བརྟེན་ནས་རྒྱལ་སྤྱིའི་ནང་དུ་བོད་པའི་གཟུགས་བརྙན་དེ་ག་འདྲ་ཞིག་ཆགས་ཡོད་རེད་ཟེར་ན། བློས་ཁེལ་ས་མེད་པ། འབྲེལ་བ་བྱེད་ཁག་པོ་ཞིག་ཆགས་ཡོད་རེད་ཅེས་དང།
༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཕྱག་ལ་སླེབས་པའི་བོད་ཀྱི་ཆབ་སྲིད་དེ་ཧ་ཅང་གཙབ་ཧྲལ་ཞིག་རེད། ལོ་༩༠ རིང་ནང་དོན་གྱི་དབང་ཆའི་འཐབ་རྩོད་རང་བྱེད་མཁན་གྱི་མི་དེ་ཚོས་ཐད་ཚལ་རྦད་ཚལ་བཏང་ནས་༸རྒྱལ་བ་འཕྲིན་ལས་རྒྱ་མཚོ་ཡང་དགའ་འབྲས་བླ་སྤྱིའི་རྙོག་གྲ་ཟེར་བ་དེ་ཚོའི་སྐུ་གཉེལ་པོ་ཞེ་དྲག་བྱུང་ནས་ཕ་བོང་ཁར་རི་ཁྲོད་པ་ལྟ་བུར་འཇོག་པའི་ཚད་དུ་བྱས་འདུག ༸རྒྱལ་བ་མཁས་གྲུབ་རྒྱ་མཚོ་དང་འཕྲིན་ལས་རྒྱ་མཚོ་སོགས་དེའི་བར་གྱི་སྐུ་ཕྲེང་རིམ་བྱོན་རྣམས་ག་རེ་བྱས་ནས་སྐུ་ཚེ་མཐར་མ་སོན་པ་རེད། ང་ཚོ་བོད་པའི་སྤྱི་ཚོགས་རང་གི་ནང་དུ་དབང་ཆ་ལ་རེ་བ་ཡོད་མཁན་དེ་ཚོས་སྐུ་ཚེ་ལ་བར་ཆད་བཏང་བ་མིན་པའི་ཁུངས་སྐྱེལ་བྱེད་རྒྱུ་ཁག་པོ་རེད་བསམ་གྱི་འདུག་ཅེས་སོགས་གསུང་བཤད་ཟབ་རྒྱས་གནང་ནས་ཕྱི་དྲོའི་ལས་རིམ་ལེགས་པར་གྲུབ་ཡོད་པ་རེད།།